འཚོལ་བཤེར།   
藏文频道
2022ལོའི་ཟླ་12ཚེས་27ཉིན།

༄༅།།ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པར་རང་ཉིད་ཀྱི་འཇོན་ཐང་ངོམ་པ།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་27ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀའོ་ཅིན། ཡུས་ཝུན་ཅིན། ཡན་ཧྥུ་ཅིང་།
     ཟླ་12ཚེས་23ཉིན་དང་ཚེས་24ཉིན། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་མགྱོགས་སུ་གཏོང་བར་འཐབ་ཇུས་བཀོད་སྒྲིག་གནང་བ་རེད།
     རྒྱལ་ཡོངས་ས་གནས་ཁག་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི“ཞིང་གསུམ”ལས་དོན་གྱི་དམིགས་ཚད་ལས་འགན་དང་། འཐབ་ཇུས་ཀྱི་གཙོ་གནད། གཙོ་རྒོལ་ཁ་ཕྱོགས་བཅས་ཁ་གསལ་བཏོན་གནང་བ་དེར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ངར་ཤུགས་གཅིག་སྒྲིལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བ་ལྟེ་བར་འཛིན་པའི“ཞིང་གསུམ”ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་པ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད།
     ངར་ཤུགས་གཅིག་སྒྲིལ་གྱིས་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་དགོས།
     ཧེ་ལུང་ཅང་ཞིང་ཆེན་ཧྲོང་ཡ་ཧྲན་གྲོང་ཁྱེར་ཅི་ཞན་རྫོང་ཡུང་ཧྲེང་ཞིང་འཕྲུལ་མཉམ་ལས་ཁང་གི་ཞིང་འཕྲུལ་མཛོད་ཁང་དུ་སྐྱོད་སྐབས། ཤུགས་ཚད་ཆེ་བའི་འདྲུད་འཐེན་འཕྲུལ་འཁོར་སོགས་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ཀྱིས་འདི་ལོའི་འབྲུ་རིགས་ལ་ལོ་ལེགས་ཡོང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད། ད་ཆ་འཕྲུལ་ཆས་དེ་དག་བདག་སྐྱོང་ཡག་པོ་བྱས་ཏེ་མཛོད་ཁང་ནང་གྲལ་བསྒྲིགས་པོས་བཞག་ནས་འདུག
     མཉམ་ལས་ཁང་གི་ཏུང་ཧྲི་ཀྲང་ལིའུ་མིང་ཁུན་གྱིས། “འདི་ལོ་ང་ཚོས་སྲན་ཆེན་མུའུ་ཁྲི་གཉིས་ཙམ་བཏབ་པ་ཡིན། སོན་བཟང་དང་། ཐབས་བཟང་། གོ་སྐབས་བཟང་པོ་བཅས་ཟུང་འབྲེལ་བྱས་པ་བརྒྱུད་ཆ་སྙོམས་མུའུ་རེའི་ཐོན་འབབ་རྒྱ་མ་400ཡན་ཟིན་གྱི་ཡོད”ཅེས་འཛུམ་དམུལ་དམུལ་ངང་བརྗོད་བྱུང་།
     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་རྨང་གཞི་ཡིན། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་རྨང་གཞི་བརྟན་དུ་གཏོང་བ་བཅས་ཚང་མ་ཞིང་ལས་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད་ཅེས་གསུངས་ཡོད། བཀའ་མོལ་དེས་ང་ཚོ་རྒྱ་ཆེའི་ཞིང་པ་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང” ལིའུ་མིང་ཁུན་གྱིས། སང་ལོ་སྔོན་ཐོན་གྱི་ཞིང་ལས་འཕྲུལ་ཆས་དང་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་ནས་ཞིང་དུད་དེ་བས་མང་བར་ཐོན་སྐྱེད་ཚབ་གཉེར་སྤྱི་ཚོགས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་ཞིང་ལས་ཐོན་སྐྱེད་ཀྱི་མ་གནས་དམའ་རུ་དང་འབྲུ་རིགས་ཐོན་འབབ་མང་དུ་གཏོང་རྒྱུ་ཡིན་་ཞེས་བརྗོད་བྱུང་།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་དང་སྒྱུར་བཅོས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
     ལྷོ་རྒྱ་མཚོའི་འགྲམ་དུ་ཡོད་པའི་ཧའེ་ནན་སན་ཡཱ་ཡི་ཞིང་ནང་དང་མུ་ཁ་དང་དེ་བཞིན་ཚོད་ལྟ་ཁང་དུ་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སོན་གསོའི་ཚན་ཞིབ་ཀྱི་ལས་དོན་མི་སྣ་ལས་ལ་བྲེལ་བཞིན་འདུག ཉིན་ཤས་བསྟུད་མར། ཀྲུང་གོ་ཞིང་ལས་ཚན་རིག་ཁང་རྒྱལ་ཁབ་ནན་ཧྥན་ཞིབ་འཇུག་ཁང་གི་ཡོན་ཀྲང་ཕེང་ཅུན་གྱིས་ཕྱོགས་གཅིག་ནས་ཚོགས་པའི་སྣེ་ཁྲིད་དེ་འགག་སྒྲོལ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཚོད་ལྟའི་རྟེན་གཞི་ཁག་གི་འབྲེལ་མཐུད་དགོས་མཁོའི་ལས་དོན་བསྒྲུབས་ཀྱི་ཡོད།
     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་ཞིང་ལས་ཚན་རྩལ་གྱི་རང་ཚུགས་རང་དར་མགྱོགས་མྱུར་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་འདུག་པས། དེས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང” ཕེང་ཅུན་གྱིས། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་ཁང་ཡོངས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་འཁོར་སྐྱོད་ལམ་སྲོལ་གསར་གཏོད་བྱས་ནས“ནན་ཧྥང་ཀུའེ་ཀུའུ”བསྐྲུན་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་རྒྱལ་དམངས་ཀྱི་འཚོ་བཅུད་བདེ་ཐང་འགན་ལེན་སོགས་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་པ་མ་ཟད། ཞིང་ལས་ཀྱི་རྨང་གཞིའི་རང་བཞིན་གྱི་ཚན་རིག་གནད་དོན་གལ་ཆེན་དང་སོན་གསོའི་ལག་རྩལ་གསར་པ་རྒྱུན་མཐུད་ངང་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བརྗོད་བྱུང་།
     འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས།
     “འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པའི་དོན་ཆེན་ཞིག་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་ཡོད།
     ཅང་ཤིས་ཞིང་ཆེན་ཅི་ཧྲུའེ་རྫོང་ཧོང་ཆའོ་གྲོང་རྡལ་ཧྲེ་ཞ་གྲོང་ཚོའི་མུའུ་སྟོང་གི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ས་གནས་ས་ཐོག་ཏུ་གནམ་གཤིས་གྲང་ངར་ཆེ་ཡང་། དེ་གར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ནས་འདུག འཕྲུལ་ཆས་ཀྱི་ལྡིར་སྒྲ་གྲགས་བཞིན་ཞིང་ནང་དུ་ས་སྦོལ་བྱེད་པ་དང་བཟོ་པ་ཚོས་ཆུ་ཡུར་ཉམས་བཟོ་བྱེད་བཞིན་འདུག
     ཉེ་འགྲམ་དུ་ལས་དོན་བཀོད་འདོམས་བྱེད་བཞིན་པའི་ཧྲེ་ཞ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཙེང་ཧྥ་ཀྲིས་ཚད་གཞི་མཐོ་བའི་ས་ཞིང་བསྐྲུན་པ་བརྒྱུད་གྲོང་མིར་ཕན་པ་ཆེན་པོ་ཐོབ་པ་དང“འདེབས་ཐུབ་པ་དང་ཐོན་འབབ་མཐོ་བ”བྱུང་བ་མ་ཟད། ད་དུང་འདི་ལོའི་ཐན་པ་བསྟན་པའི་དུས་སུ་འགག་རྩའི་ནུས་པ་ཐོན་ནས་ཞིང་པར་གྱོང་གུན་ཕོག་ཚད་ཆུང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་ཚང་མ་རིམ་བཞིན་ཚད་གཞི་མཐོ་བའི་ཞིང་ཁར་སྐྲུན་ཚར་པ་བྱེད་དགོས་པའི་ནན་བཤད་གནང་བས། ང་ཚོའི་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་སོང” ཙེང་ཧྥ་ཀྲིས། མིག་སྔར་2022ལོར་གསར་དུ་སྐྲུན་རྩིས་ཡོད་པའི་ཚད་གཞི་མཐོ་བའི་ཞིང་ཁ་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་དང་གོམ་སྟབས་རྗེས་མར་རྣམ་གྲངས་ཀྱི་འཕེལ་རིམ་མགྱོགས་སུ་བཏང་ནས་སྤུས་འབོར་འགན་ལེན་བྱས་ཏེ་སང་ལོའི་དཔྱིད་རྨོད་མ་བྱས་གོང་ཚང་མ་ལས་མཇུག་འགྲིལ་བ་དང་རྩིས་སྤྲོད་ཐུབ་པར་བྱེད་ཀྱི་ཡིན་ཞེས་བརྗོད་བྱུང་།
     ལོ་10ཡི་རིང་མུ་མཐུད་འགག་སྒྲོལ་གྱིས་ལོ་འཁོར་མོ་ཡུག་ཏུ་ཞིང་ཁར་བསྐྱོད་དེ། པད་ཁའི་སོན་བཟང་འདེབས་གསོ་བྱེད་མཁན་ཁྲུང་ཆིང་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་པད་ཁའི་ཐོན་ལས་མ་ལག་གི་དབུ་བཞུགས་རིགས་གཅིག་མཁས་ཅན་ཧོང་ཐའོ་ཚུའེ་ཚོགས་པས་ཁྲུང་ཆིང་གི་པད་ཁ་ཨང་3པའི་པད་ཁའི་སྣ་ཁ་གསར་པ་སྐྱེད་སྲིང་བྱས་པ་བརྒྱུད། མུའུ་རེའི་ཐོན་ཚད་སྤྱི་རྒྱ་200ཟིན་པ་དང་སྣུམ་འདུས་ཚད་49.96%ཟིན་ཡོད་པ་རེད།
     “འདེབས་འཛུགས་ལས་རིགས་དར་རྒྱས་ཀྱི་བྱ་སྤྱོད་ལ་ཕན་འབྲས་ཐོན་པར་དམ་འཛིན་བྱས་ནས་ཁྱིམ་འཛིན་ས་བོན་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ཞེས་གསུངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་དེ་ཚན་ཞིབ་ལས་དོན་པའི་ངོས་ནས་བརྗོད་ན་སྒུལ་ཤུགས་ཆེན་པོ་ཞིག་རེད” ཧོང་ཐའོ་ཚུའེ་ཡིས། ང་ཚོས་སླད་ཕྱིན་མུ་མཐུད་དཀའ་སྤྱད་འབད་བརྩོན་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ཐོན་མཐོ་དང་། སྣུམ་མང་བ། སྔ་སྨིན་བཅས་ཡོང་བ་བྱ་རྒྱུ་ཡིན་ལ། འཕྲུལ་བསྡུ་བྱ་རྒྱུར་འཚམ་པའི་པད་ཁའི་སྣ་ཁ་བཏབ་ནས་ཞིང་པའི་འཚོ་བར་རེ་བ་གསར་པ་སྦྱིན་རྒྱུ་ཡིན་ཞེས་བརྗོད།
     “འབྲུ་རིགས་གྲོན་ཆུང་བྱེད་པ་ནི་ཐོན་འཕར་བྱུང་བ་དང་ཁྱད་མེད། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་ཐོན་འཕར་དང་གྱོང་གུན་ཆུང་གཏོང་ཕྱོགས་གཉིས་ལ་དུས་གཅིག་ཏུ་ཤུགས་སྣོན་བརྒྱབ་ནས་བཟའ་བཅའ་གྲོན་ཆུང་གི་བྱ་སྤྱོད་ཁག་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས” ཤ་ཅིན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲ་ཧྲུའུ་ཧུང་གིས། ཞིང་ནང་དང་མུ་ཁ་ནས་འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཆུང་དུ་གཏོང་དགོས་ལ། བཀར་འཇུག་སྐྱེལ་འདྲེན་དང་གསོལ་ལྕོག་ནས་ཀྱང་དེ་ལྟར་བྱེད་དགོས། ཤ་ཅིན་རྫོང་གིས“བསྡུ་བ་དང་། བཀར་འཇུག སྐྱེལ་འདྲེན། ལས་སྣོན། བྲིན་ཚོང”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོ་ནས་འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཆུང་གཏོང་གི་འདུས་གྲུབ་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་བཏང་སྟེ། ཐོན་ཁུངས་དང་གྲོན་ཆུང་གལ་ཆེ་མཉམ་དུ་བཟུང་ནས་ཀྲུང་གོའི་ལྟོ་ཕོར་བརྟན་དུ་གཏོང་བར་རམ་འདེགས་བྱེད་ཀྱི་ཡིན་བརྗོད་བྱུང་།
     གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཧུར་ཐག་སྐྲུན་དགོས།
     གྲང་ངར་ཆེ་བའི་དགུན་དུས་སུ་མེས་རྒྱལ་ནུབ་རྒྱུད་ཀྱི་ཕ་སྨིར་ས་མཐོར་གྲང་རླུང་ལྡང་བ་དང་ཆུ་ལ་དར་ཁ་ཆགས། ཤིན་ཅང་ཨ་ཁེ་ཐའོ་རྫོང་པུའུ་ལུན་ཁའུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཝུན་ཅོན་གྱིས་ཉིན་འདི་དག་རིང་ལས་རོགས་ཚོ་ཁྲིད་དེ་སང་ལོའི་ཐོན་ལས་འཕེལ་རྒྱས་ཀྱི“བྱེད་ཐབས་གསར་པར”ཞིབ་འཇུག་བྱེད་བཞིན་འདུག
     པུའུ་ལུན་ཁའུ་ཤང་ནི་དཔེ་མཚོན་གྱི་མཐའ་མཚམས་ཤང་དང་འབྲོག་ཁུལ་གྱི་ཤང་ཞིག་ཡིན་ཞིང་། ཤང་གི་ཐོན་ལས་གཙོ་བོ་འབྲི་གཡག་དང་ཡུལ་སྐོར་རེད།
     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུའི་གནད་དོན་ལ་མཐོང་ཆེན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས་ཞེས་བླང་བྱ་བཏོན་གནང་ཡོད” ལི་ཝུན་ཅོན་གྱིས། སང་ལོར་ང་ཚོས་འབྲི་གཡག་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་ཤུགས་བརྒྱབ་སྟེ། ཕྱོགས་གཅིག་ནས་འབྲི་གཡག་མཉམ་ལས་ཁང་གི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་འབྲི་གཡག་ལ་བཞོན་པ་དང་། འབྲི་གཡག་ལ་ལྟ་བ། འབྲི་གཡག་གསོ་ཚགས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཐོན་ལས་འཁོར་འབྲེལ་སྣུར་སྲིང་གིས་མི་སེར་གྱི་ཡོང་འབབ་སྔར་བས་མང་དུ་གཏོང་གི་ཡིན་ཞེས་བརྗོད་བྱུང་།
     ཡུན་ནན་ཞིང་ཆེན་ཤོན་ཝུའེ་གྲོང་ཁྱེར་ཏུང་ཧྲན་གྲོང་རྡལ་སན་ལེ་གྲོང་ཚོར་སྐྱོད་སྐབས། གྲོང་ཚོའི་འགྲོ་ལམ་གཙང་སྦྲ་དོད་ལ། ཁྱིམ་ཚང་ཚང་མར་ཚལ་ཞིང་ཆུང་གྲས་རེ་ཡོད་པ་མ་ཟད། སྒོ་ཕྱུགས་དང་ཁྱིམ་བྱའང་གསོ་གི་ཡོད། སྔོན་མ་གྲོང་ཚོའི་ནང་བྱ་དེ་དང་ཡཱ་ཙེ་གང་སར་གློད་པ་མ་ཟད། རྩྭ་ཕུང་དང་ལུད་སྤུངས་གང་སར་ཁེངས་ནས་ཁོར་ཡུག་ཧ་ཅང་ཞན།
     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་བསྐྲུན་རྒྱུ་ནི་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ལ་ཡོད་དགོས་ངེས་ཀྱི་ནང་དོན་ཞིག་རེད་ཅེས་གསུངས་ཡོད” ཞོན་ཝུའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡེ་ཤུས་ཅུན་གྱིས། གྲོང་གསེབ་མཛེས་མཐུན་གནས་འཕྲོད་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱ་ཆེད། ས་གནས་དེས་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་སྔོ་འགྱུར་དང་མཛེས་བཟོའི་འདུ་འགོད་ལ་སྐུལ་འདེད་བཏང་བ་མ་ཟད། ད་དུང་གྲོང་སྲོལ་དམངས་ཆིངས་དང་དཔྱད་བསྡུར་སོགས་གྲོང་མིའི་རང་སྐྱོང་བྱ་ཐབས་ལ་བརྟེན་ནས། གྲོང་མི་ཚོ་རང་འགུལ་ངང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་སུ་བཅུག་ཡོད་ཅེས་བརྗོད་བྱུང་།
     ཡེ་ཤུས་ཅུན་གྱིས། སྡོད་མལ་ཁོར་ཡུག་ལ་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་བྱས་པ་མ་ཟད། ཚད་ལོན་དཔྱད་ཞིབ་དང་། སྐར་མ་རིམ་པའི་དཔྱད་བསྡུར། སྒོ་བྱང་བཀལ་ནས་དོ་དམ་བཅས་བྱས་ཏེ་སྤུས་དག་དཔེ་སྟོན་གྲོང་ཚོ་དང་། མཛེས་སྡུག་ལྡན་པའི་གྲོང་ཚོ། སྔོ་ལྗང་གྲོང་གསེབ་བཅས་བསྐྲུན་རྒྱུ་ཡིན་ཞེས་བརྗོད་བྱུང་།