འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གློ་ལུ་བ་ཆད་རྒྱུ་མེད་པར་སྨན་ཇི་ལྟར་བསྟེན་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་22ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། གཙོ་གནད་མི་ཚོགས་ཀྱི་སྨན་བཅོས་ཞབས་ཞུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཀྲུང་གོ་དང་ལྗར་པན་གྱི་མཛའ་གྲོགས་སྨན་ཁང་གི་འབྱིན་རྔུབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། འབྱིན་རྔུབ་དང་ཉེན་ཁ་ཆེ་ཞིང་ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་དབྱང་ཏིང་གིས་ཏོག་གསར་ནད་དུག་འགོས་རྗེས་གློ་ལུ་བའི་གནས་ཚུལ་ཐོན་པ་དང་། ནད་རྟགས་མི་འདྲ་བར་སྨན་ཇི་ལྟར་བསྟེན་དགོས་མིན་སྐོར་མཚམས་སྦྱོར་བྱས་དོན།
   གསར་འགོད་པ་ཞིག་གིས། དྲ་གྲོགས་མི་ཉུང་བ་ཞིག་གིས་ང་ཚོར་ཏོག་གསར་འགོས་ནས་ཚ་བ་འཇགས་རྗེས་ཀྱི་ནད་རྟགས་གཙོ་བོ་ནི་གློ་ལུ་བ་དང་། ལ་ལ་ནི་སྐམ་ལུ་བྱེད་མཚམས་འཇོག་མི་ཐུབ་པ། ལ་ལ་ནི་ལུད་པ་གར་པོ་ལུ་མི་ཐུབ་པའི་རྣམ་པ་ཡོད་ཟེར། གནས་ཚུལ་འདི་གཉིས་སོ་སོར་སྨན་ཇི་ལྟར་བསྟེན་དགོས་སམ།
   དབྱང་ཏིང་གིས་བསྟན་དོན། ཏོག་གསར་ནད་དུག་འགོས་རྗེས་གློ་ལུ་བའི་གནས་ཚུལ་བྱུང་བ་མ་ཟད། དབུགས་ལམ་གྱི་ནད་དུག་འགོས་པ་མང་ཆེ་བར་གནས་ཚུལ་དེ་འདྲ་ཡོད། དུས་སྔ་མར་འགོས་པའི་ནད་རྟགས་ཏེ། དཔེར་ན། ཚ་བ་རྒྱག་པ་དང་། སྣ་འགག་པ། སྣ་ཆུ་བཞུར་བ་སོགས་ཀྱི་ནད་རྟགས་མེད་པར་གྱུར་ན་ཡང་།གློ་ལུ་བ་དང་ལུད་པ་རྒྱག་པའི་ནད་རྟགས་ད་དུང་ཡོད།ནད་རྟགས་འདི་རིགས་བྱུང་རྗེས་གློ་ལུ་བའམ་ཡང་ན་ཆམ་པ་ཕོག་ནས་གློ་ལུ་བ་རེད།གཙོ་བོ་ནད་དུག་གིས་དབུགས་ལམ་གྱི་འབྱར་སྐྱི་ལ་གནོད་སྐྱོན་བཟོས་པ་དང་།འབྱར་སྐྱི་འོག་གི་དབང་རྩ་ཕྱིར་མངོན་པས་འཇམ་འདྲེད་ཤ་གྲིམ་གྱི་འགྱུར་འབྱུང་རང་བཞིན་ཇེ་ཆེར་གྱུར་ནས་དབུགས་ལམ་འཁུམ་པར་འགྱུར་སླ།
   མི་ལ་ལའི་ནད་རྟགས་ནི་སྐམ་ལུ་བྱེད་པ་དང་། མིད་པ་ཟ་འཕྲུག་ལངས་བའི་ངར་སློང་རང་བཞིན་གྱི་གློ་ལུ་བ་རེད། ནད་ལ་གཏད་པའི་གློ་སྨན་འགའ་སྤྱད་ན་ཆོག་སྟེ། ཀྲུང་ལུགས་སྨན་དང་ནུབ་ལུགས་ཀྱི་སྨན་གང་བསྟེན་ནའང་ཆོག མི་ལ་ལར་ཁ་ལུད་ཡོད་པ་དང་། ཐོག་མའི་དུས་སུ་ལྦུ་བའི་ཁ་ལུད་དཀར་པོ་ཡིན། མཇུག་ཏུ་འབྱར་ལུད་འབྱུང་བ་དང་ཐ་ན་ལུད་པ་གར་པོ་འབྱུང་། གནས་ཚུལ་འདིའི་རིགས་སྤྱིར་བཏང་དུ་ལུད་པ་སེལ་བའི་སྨན་བསྟེན་དགོས། གལ་ཏེ་ཉིན་འགའི་རིང་ལ་ལུད་པ་དཀར་པོ་ནས་སེར་པོར་གྱུར་པ་མ་ཟད། ལུད་པ་ཇེ་མང་དུ་གྱུར་ན། འདི་ནི་དབུགས་ལམ་སྟོད་ཀྱི་ནད་དུག་འགོས་པ་རེད། དབུགས་ལམ་གྱི་འགོག་ནུས་ཇེ་ཞན་དུ་སོང་ནས་ཕྲ་སྲིན་འགོས་པའི་གནས་ཚུལ་བྱུང་བ་ཡིན་པས། ང་ཚོས་དུག་སྲིན་འགོག་སྨན་སྤྱད་ནས་གསོ་བཅོས་བྱེད་དགོས་པའི་གྲོས་གཞི་འདོན་རྒྱུ་ཡིན། སྤྱིར་བཏང་དུ་ཉིན་3ནས་5ཡི་ནང་དུ་སངས་དྲག་འབྱུང་ཐུབ།