འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགོ་ཁྲིད་འདིར་དུས་བཙོན་ལོ་13གྱི་ཁྲིམས་ཐག་བཅད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་16ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་15ཉིན་གསར་འགོད་པས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཁྲིམས་ཁང་དེས་ཚེས་14ཉིན་ཀན་སུའུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་དེ་སྔའི་ཐིང་ཀྲང་ཞའོ་ཀྲེང་གིས་ལྐོག་ཟ་དང་ལྐོག་རྔན་བླངས་པའི་གྱོད་གཞི་ཁྲིམས་ལྟར་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད། ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་ཞའོ་ཀྲེང་གིས་ལྐོག་ཟའི་བྱས་ཉེས་བསགས་ནས་དུས་བཙོན་ལོ་བཅུ་གཅིག་གི་ཉེས་ཆད་བཅད་པ་མ་ཟད་དངུལ་ཆད་སྒོར་ཁྲི་80ཡང་བཅད་པ་དང་། ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་དུས་བཙོན་ལོ་ལྔ་དང་དངུལ་ཆད་སྒོར་ཁྲི་30ཆབས་སྦྲགས་སུ་གཅོད་རྒྱུ། བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་བྱས་ནས་དུས་བཙོན་ལོ་བཅུ་གསུམ་དང་དངུལ་ཆད་སྒོར་ཁྲི་110གཅོད་རྒྱུའི་ཐག་བཅད་པ་རེད། གྱོད་དོན་དང་མཉམ་དུ་བསྐྱལ་བའི་ལྐོག་རྔན་བླངས་པའི་དངུལ་དང་དངོས་རིགས་བཅའ་ཁྲིམས་ལྟར་གཞུང་བཞེས་བཏང་སྟེ་རྒྱལ་མཛོད་ལ་འབུལ་དགོས། གྱོད་དོན་ནང་ཐོན་པའི་ཁྲིམས་འགལ་གྱི་ཐོབ་ཆ་དང་སྐྱེད་འཕེལ་བདའ་འདེད་མ་བྱས་ཚེ་མུ་མཐུད་བདའ་འདེད་གཏོང་དགོས།
     ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་གསལ། 2008ལོ་ནས་2010ལོའི་བར་ཞུ་སྦྱོར་ཕྱི་མ་བ་ཞའོ་ཀྲེང་གིས་ཀན་སུའུ་ཞིང་ཆེན་གྱི་ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ཅུས་ཀྱི་ཅུས་ཀྲང་གི་ལས་གནས་ཀྱི་སྟབས་བདེ་སྤྱད་དེ། མི་གཞན་དང་མཉམ་དུ་གཞུང་དངུལ་སྒོར་ཁྲི་1098གཡོ་ལེན་བྱས་པ་དང་། ཞའོ་ཀྲེང་ལ་སྒོར་ཁྲི་993བགོས་པ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་223ལྷག་ཙམ་ཐོབ་པ་རེད། 2014ལོ་ནས་2020ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཞའོ་ཀྲེང་གིས་ཀན་སུའུ་ཞིང་ཆེན་ཉིང་རྡུལ་བདེ་འཇགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཀན་སུའུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ། ཐིང་ཀྲང་བཅས་ཀྱི་འགན་འཁུར་བའི་ལས་གནས་ཀྱི་སྟབས་བདེ་སྤྱད་དེ། མི་གཞན་ལ་ལས་གྲྭའི་འགན་ལེན་དང་། མ་དངུལ་གཏོང་སྤྲོད། བུ་ཕྲུག་ལས་ཞུགས་སོགས་ཀྱི་ལས་དོན་ཐད་རོགས་རམ་བྱས་ནས་རྒྱུ་ནོར་སྒོར་ཁྲི་249ལྷག་ཙམ་བླངས་པ་རེད།
     ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་བ་ཞའོ་ཀྲེང་གིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་ལས་གནས་ཀྱི་སྟབས་བདེའི་ཐོག་ནས། མི་གཞན་དང་མཉམ་དུ་སྤྱི་པའི་རྒྱུ་ནོར་བཙན་བཟུང་བྱས་པའི་གྲངས་འབོར་ཧ་ཅང་མང་ཞིང་། དེའི་བྱ་སྤྱོད་ནི་ལྐོག་ཟའི་བྱས་ཉེས་ཀྱི་ཚད་ལ་སླེབས་པ་དང་། ཁྲིམས་འགལ་གྱིས་རྒྱུ་དངོས་བླངས་ནས་མི་གཞན་ལ་ཁེ་ཕན་སྒྲུབ་རོགས་བྱས་ཏེ་གྲངས་འབོར་ཧ་ཅང་ཆེན་པོ་ཡིན་ཞིང་། དེའི་བྱ་སྤྱོད་ཀྱིས་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་ཡོད་པས་ཁྲིམས་ལྟར་བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་བྱེད་དགོས། ཞུ་སྦྱོར་ཕྱི་མ་བ་ཞའོ་ཀྲེང་ལ་ངོས་ལེན་ཞུ་བའི་གནས་ཚུལ་ཡོད་པ་དང་། རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ། ལྐོག་ཟ་བྱས་ཉེས་མཉམ་དུ་གསོག་སྐབས་ནུས་པ་གཙོ་བོ་ཐོན་གྱི་ཡོད་པས་ཉེས་ཅན་གཙོ་བོར་བརྩི་དགོས། བཙོག་དངུལ་དང་བརྐུས་དངོས། དེ་བཞིན་སྐྱེད་འཕེལ་བྱུང་བའི་ཆ་ཤས་ད་དུང་བདའ་འདེད་བཏང་ནས་ཕྱིར་སློག་བྱས་མེད། ཞུ་སྦྱོར་ཕྱི་མ་བ་ཞའོ་ཀྲེང་གིས་བྱས་ཉེས་བསགས་པའི་དོན་དངོས་དང་། ངོ་བོ། ཉེས་ཚབས། སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད་ཆེ་ཆུང་བཅས་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་བས། ཁྲིམས་རས་གོང་གསལ་གྱི་དཔྱད་མཚམས་བཏང་།
     བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས། ཞུ་སྦྱོར་ཕྱི་མ་བ་ཞའོ་ཀྲེང་གིས་ཁྲིམས་ཐག་བཅད་པར་ཁས་བླངས་ཏེ་གོང་གཏུག་མ་བྱས།