འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་འབྲོག་པ་མང་ཚོགས་ལ་སྒྲོག་འགྲེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་15ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་གཡང་ཕྱུག་ཚེ་རིང་གིས“མི་སེར་གྱི་སྒྲོག་འགྲེལ་ཚོགས་པའི”ཁོངས་མིའི་སྣེ་འཁྲིད་ནས་སྔ་རྗེས་སུ་ལུང་བཟང་ཤང་དམར་མོ་གྲོང་ཚོ་དང་རྩི་གོར་ཐང་གྲོང་རྡལ་ཁྱ་ལྡང་གྲོང་ཚོར་སྒྲོག་འགྲེལ་བྱས་པ་རེད། གཡང་ཕྱུག་ཚེ་རིང་གིས།“མི་སེར་གྱི་སྒྲོག་འགྲེལ་ཚོགས་པས”ཞིང་འབྲོག་མང་ཚོགས་ཀྱིས་གོ་བདེ་བའི་ཡུལ་སྐད་སྤྱད་དེ་ངོ་ཐུག་གདོང་འཕྲད་དང་ཅི་འཕྲོས་མོལ་འཕྲོས་ཀྱི་རྣམ་པའི་ཐོག་ནས“བརྗོད་གཞི་ཆུང་ཆུང”ལ་བརྟེན་ནས“བརྗོད་དོན་ཆེན་པོ”རྒྱས་བཤད་བྱས་ཡོད་ཅེས་བརྗོད།
     མི་རིགས་ས་ཁུལ་གྱི་གཞི་རིམ་གྱི་སྒྲོག་འགྲེལ་ཁྱབ་རྒྱ་ཆེ་རུ་གཏོང་ཆེད། མཚོ་སྔོན་གྱིས་རྒྱ་བོད་སྐད་ཡིག་གཉིས་ཤེས་པའི་རིགས་གཅིག་མཁས་ཅན་34བསྡུས་ཏེ་ཞིང་ཆེན་རིམ་པའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་རིགས་གཅིག་མཁས་ཅན་གྱི་མཛོད་འཐུས་སྒོ་ཚང་དུ་བཏང་བ་དང་ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་རྒྱ་བོད་སྐད་ཡིག་གཉིས་ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་གཉེར་ནས། རྒྱ་བོད་སྐད་ཡིག་གཉིས་ཀྱི་སྒྲོག་འགྲེལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད། མིག་སྔར། མཚོ་སྔོན་གྱིས་དཔུང་ཁག་813བཙུགས་ཏེ་སྒྲོག་འགྲེལ་ཐེངས་11144བྱས་ཡོད།
     མཚོ་སྔོན་ཞིང་ཨུད་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་མཚོ་སྔོན་ཞིང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་བསོད་ནམས་དབང་རྒྱལ་གྱིས“ངས་མཚོ་སྔོན་བོད་སྐད་རླུང་འཕྲིན་ཐོག་བོད་སྐད་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་ཀྱི་ཡོད། མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་གྱི་བོད་འབྲེལ་ཆུས་དང་། ཀྲོའུ། རྫོང་བཅས་ལ་ཁྱབ་པ་དང་ཉན་མཁན་ཁྲི་300ཙམ་ཟིན་པ་དང་། སྐད་འཕྲིན་སྤྱི་རྟགས་ཐོག་གི་བཅར་གླེང་ལེ་ཚན་དེ་ཆུ་ཚོད་24ཡི་ནང་ལྟ་མཁན་ཁྲི་5ལས་བརྒལ་ཡོད”ཅེས་བཤད།
     གྲོང་ཁྱེར་དང་། ཀྲོའུ། རྫོང་བཅས་ཁག་གིས་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་བ་དང་། རིག་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པ། བོད་སྐད་བྱང་ཆུབ་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་དང་། གྲོང་སྡོད་ཧྲུའུ་ཅི། ཡུལ་དམག་བཅས་བདམས་ཏེ། “བོད་རྒྱ་སྐད་གཉིས་ཀྱི་སྦག་སྦག་རིག་རྩལ་སྒྲོག་འགྲེལ་རུ་ཁག”དང་། “རྟ་ཐོག་སྒྲོག་འགྲེལ་རུ་ཁག”“བུད་མེད་སྒྲོག་འགྲེལ་རུ་ཁག”“དར་དམར་སྒྲོག་འགྲེལ་ཚོགས་པ”“མི་སེར་གྱི་སྒྲོག་འགྲེལ་ཚོགས་པ”སོགས་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དཔུང་ཁག་བཙུགས་ནས། སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་དང་སྒྲོག་འགྲེལ་གྱི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་གྲོག་རོང་རྩྭ་ཐང་དང་། སྒོ་ར་དང་སྡོད་ཁང་། འབྲོག་ར་དང་སྦྲ་གུར་བཅས་སུ་བསྐྱོད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྩྭ་ཐང་དུ་དྲིལ་བསྒྲགས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་ཁྱོན་ཡོངས་ལ་ཁྱབ་པ་དང་ཁུག་ཆ་མ་ལུས་པའི་འགན་ལེན་བྱས་པ་རེད།
     མཚོ་སྔོན་གྱིས་སྒྲ་སྙན་དང་ལ་གཞས་སོགས་བོད་རིགས་ཀྱི་གཞས་མ་གཏམ་གྱི་སྒྱུ་རྩལ་དང་སྒོར་གཞས་དང་། རལ་པ། ལྷ་མོ་སོགས་ཀྱི་འཁྲབ་སྟོན་སྒྱུ་རྩལ་ལ་བརྟེན་ནས《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་བསྟོད་གླུ》དང་།《མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་རྟེན་འབྲེལ་ཞུ》 《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་ཕུལ》སོགས་བོད་སྐད་གླུ་གཞས་རྩོམ་སྒྲིག་བྱས་པ་དང《སྦྲ་གུར་ནང་བདེ་སྐྱིད་ལྡན་པའི་འཚོ་བ་གླེང་བ》དང《བདེ་སྐྱིད་ལྡན་པའི་འཚོ་བ》སོགས་ཀྱི་ཞབས་བྲོ་ནང་སྦྱོང་བྱས་ཏེ། འབྲོག་པ་མང་ཚོགས་ལ་སྣ་མང་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་འཁྲབ་སྟོན་ཐེངས་མང་བྱས་ནས་སྒྲོག་འགྲེལ་ལ་ཁྱད་ཆོས་ལྡན་པ་དང་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཡོད།
     ཨ་མདོ་བོད་སྐད་སྲུང་སྐར་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས《ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཉིན་ལྟར་སྦྱོང་བ》དང《སྙན་སྒྲོན་སློབ་སྦྱོང་བྱེད། ལེགས་བཤད་ཀློག》སོགས་བོད་སྐད་ཀྱི་བརྙན་ཐུང་རབ་དང་རིམ་པ་ཇུས་འགོད་བྱས་ནས་བཏོན་ཞིང་། འཁྱུག་དབྱིངས་དང་སྐད་འཕྲིན་སྤྱི་རྟགས་སུ་བཏང་ཡོད། ས་གནས་ཁག་གིས་གྲོང་གསེབ་ཏུ་རྒྱང་བསྒྲགས་གཏོང་བའི་དུས་ཚོད་རིང་དུ་གཏོང་བ་དང་ཁྱབ་རྒྱ་ཆེ་བའི་ལེགས་ཆ་འདོན་སྤེལ་བྱས་ནས“རྒྱང་བསྒྲགས་སློབ་ཁང་ཆུང་ཆུང”བཙུགས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་ལེགས་བཤད་ཡང་སྐོར་བསྐྱར་སྐོར་དུ་གཏོང་སྤེལ་བྱེད་ཀྱི་ཡོད་པ་རེད།