འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ནི་ཁ་ར་ཀྭ་དང་ཀྲུང་གོའི་དབར་ཕྱི་འབྲེལ་སླར་གསོ་བྱུང་ནས་ལོ་གཅིག་འཁོར་བའི་རྟེན་འབྲེལ་
བྱེད་སྒོ་ནི་ཁ་ར་ཀྭར་སྤེལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་13ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ན་ཀྭ་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ནི་ཁ་ར་ཀྭ་དང་ཀྲུང་གོས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་སླར་གསོ་བྱུང་ནས་ལོ་གཅིག་འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་ཚེས་9ཉིན་གྱི་དགོང་མོ་ནི་ཁ་ར་ཀྭའི་རྒྱལ་ས་མ་ན་ཀྭའི་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ནི་ཁ་ར་ཀྭའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་པུའོ་ལཱ་སི་དང་ཙུང་ཐུང་གི་བློ་འདྲི་བ་ལའོ་ལེ་ཡཱ་ནུའོ་དང་། ནི་ཁ་ར་ཀྭར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཤིས་སོགས་ཧ་ལམ་མི་300ཙམ་བྱེད་སྒོར་ཞུགས་པ་རེད།
    པུའོ་ལཱ་སི་ཡིས། ཕྱི་འབྲེལ་སླར་གསོ་བྱུང་ནས་ལོ་གཅིག་འཁོར་རིང་། ནི་ཀྲུང་དབར་ཕྱོགས་གཉིས་སྤེལ་རེས་མཉམ་ལས་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ནི་ཁ་ར་ཀྭ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ནས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག དབུལ་པོ་ཉུང་གཏོང་དང་། གྲོང་ཁྱེར་ཅན་འཛུགས་སྐྲུན། གྲངས་འཛིན་ལག་རྩལ་སོགས་ཁྱབ་ཁོངས་ཀྱིས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་རིན་ཡོད་ཅེས་བརྗོད་པ་རེད།
    ལའོ་ལེ་ཡཱ་ནུའོ་ཡིས། ལོ་གཅིག་རིང་། ནི་ཀྲུང་གཉིས་ཀྱིས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་འདིའི་ཐོག་ནས་རྒྱལ་ཁབ་གཉིས་དབར་གྱི་ལྷད་མེད་ཀྱི་མཛའ་བརྩེ་དང་མཐུན་སྒྲིལ་མཚོན་ཡོད་ཅེས་བརྗོད་པ་དང་ཆབས་ཅིག ཁོང་གིས། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་དར་རྒྱས་དང་སྟོབས་འབྱོར་གྱི་ཕྱོགས་སུ་སྐྱོད་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད་པ་རེད།
    ཁྲེན་ཤིས་ཀྱིས་ཤིས་ཚིག་སྒྲོན་སྐབས། ཀྲུང་ནིའི་དབར་ཕྱི་འབྲེལ་སླར་གསོ་བྱུང་བ་ནི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་ཞིང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་པ་ཞིག་རེད། ལོ་གཅིག་རིང་། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། མི་ཆོས་རིག་གནས་ཐད་སྤེལ་རེས་ཡག་པོ་བྱུང་ཡོད། སླད་ཕྱིན། རྒྱལ་ཁབ་གཉིས་ཀྱིས་མཐུན་སྒྲིལ་དང་། མཉམ་ལས། མཛའ་གྲོགས་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཁྱབ་ཁོངས་ཁག་ལ་འཕེལ་རྒྱས་གསར་པ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།