འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་དང་མ་ལ་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་15འཁོར་བར་རྟེན་འབྲེལ་ཞུ་བའི་
བྱེད་སྒོ་མ་ལ་ཝེའི་རྒྱལ་སར་སྤེལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་13ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུ་ས་ཁ་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ལི་ལོང་ཀུའེ་ནས་གནས་ཚུལ་སྤེལ་བར། ཀྲུང་གོ་དང་མ་ལ་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་15འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཚེས་8ཉིན་མ་ལ་ཝེའི་རྒྱལ་ས་ལི་ལོང་ཀུའེ་རུ་གཉེར་བ་རེད། མ་ལ་ཝེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུང་ཀྲོའུ་དང་། མ་ལ་ཝེའི་ཕྱི་འབྲེལ་པུའུ་ཀྲང་ཐེང་པོ་སོགས་ནང་བློན་ཁང་གི་པུའུ་ཀྲང་མང་པོ་དང་། མ་ལ་ཝེའི་གྲོས་ཚོགས་ཀྱི་མ་ཀྲུང་མཛའ་གྲོགས་ཚོགས་ཆུང་། གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཁོངས་མི་དང་དེ་བཞིན་མ་ལ་ཝེར་ཡོད་པའི་ཀྲུང་གོའི་མ་འཇོག་སྒྲིག་གཞི་དང་མ་ལ་ཝེར་ཡོད་པའི་ཕྱིར་སྡོད་སྤུན་ཟླའི་འཐུས་མི་སོགས་མི་150ལྷག་ཙམ་བྱེད་སྒོར་ཞུགས་ཡོད།
    ཐེང་པོ་ཡིས་ཤིས་ཚིག་སྒྲོན་སྐབས། ལོ་15ཡི་ནང་མ་ཀྲུང་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་མང་པོར་གྲུབ་འབྲས་གཟེངས་སུ་ཐོན་པའི་མཉམ་ལས་བྱས་ཡོད། ཀྲུང་གོས་མ་ལ་ཝེར་འོད་སྐུད་དྲ་བ་དང་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་སོགས་ལ་རྒྱབ་སྐྱོར་བྱས་པ་མ་ཟད། མ་ལ་ཝེར་ཚ་བའི་ཁུལ་གྱི་རླུང་འཚུབ་ཐོན་རྗེས་འཕྲལ་མར་རོགས་སྐྱོར་བྱས་པས་མ་ལ་ཝེའི་སྲིད་གཞུང་དང་མི་དམངས་ཀྱིས་བཀའ་དྲིན་ནམ་ཡང་སེམས་ལ་བཅངས་ཡོད། མ་ལ་ཝེ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་སོགས་ཀྱི་སྒྲོམ་གཞིའི་འོག ཀྲུང་གོ་ཕྱོགས་དང་མཉམ་དུ་གཉིས་ཕན་མཉམ་ལས་མུ་མཐུད་རྒྱ་ཆེར་དང་གཏིང་ཟབ་ཏུ་བཏང་ནས་མ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
   ལུང་ཀྲོའུ་ཡིས་འདས་ཟིན་པའི་ལོ་15ཡི་ལོ་རྒྱུས་ལམ་བུའི་ནང་། ཀྲུང་མའི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡང་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ལ་ཝེ་ཕྱོགས་དང་དཔུང་པ་མཉམ་གཤིབ་ཀྱིས་རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས། ཀྲུང་མའི་འབྲེལ་བའི་ལེའུ་གསར་པ་ཞིག་ཐུན་མོང་ཐོག་གཏོད་འདོད་ཡོད་ཅེས་བརྗོད་པ་རེད།
   བྱེད་སྒོ་སྤེལ་ཡུལ་དུ་མ་ལ་ཝེའི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ཕབ་འཇུག་བྱས་པའི་ཀྲུང་མའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་15འཁོར་བའི་དངོས་མཚོན་པར་གཞི་བསྟན་པ་དང“དུས་རབས་གསར་པའི་ཀྲུང་གོའི་སྤྱིར་བཏང་མ་ཡིན་པའི་ལོ་བཅུ”ཞེས་པའི་བརྙན་པར་འགྲེམས་སྟོན་བྱས་པ་རེད།