འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནའ་བ་གསོད་མཁན་3ལ་ཁྲིམས་ཆད་ཕོག་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་12ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གནའ་བ་གསོད་མཁན་3ལ་ཁྲིམས་ཆད་ཕོག་འདུག
   མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་ཁང་གིས་རྩ་ཆེའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གྱོད་གཞི་ཞིག་ལ་ཁྲིམས་ར་འཚོགས་ནས་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། གྱོད་གཞི་དེ་ནི་ད་ལོ་ལྷ་རྩེ་རྫོང་ཁྲིམས་ཁང་གིས་ཁྲུན་ཐག་བཅད་པའི་ཉེས་མིང་གཅིག་མཚུངས་ཀྱི་གྱོད་གཞི་གཉིས་པ་དེ་ཡིན་ཞིང་། ཞུ་སྦྱོར་ཕྱི་མ་བ་གསུམ་པོར་ཉེས་དོན་གྱི་ཆད་པ་བཅད་པ་དང་། ཁྲིམས་ཆད་ཁུར་ཡུན་ནི་དུས་བཀག་བཙོན་འཇུག་ལོ་གསུམ་དང་ཟླ་བ་བདུན་ནས་ལོ་གཅིག་བར་མི་འདྲ་བ་བཅད་ཡོད།
   ཞིབ་གཅོད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་ཞུ་སྦྱོར་ཕྱི་མ་བ་འཇམ་ཆེ་གེ་མོས་ཞིང་སྤྱོད་གཅིན་རྒྱུ་སྤྱད་དེ་སྔ་རྗེས་སུ་གནའ་བ་9བསད་པ་དང་། ཞུ་སྦྱོར་ཕྱི་མ་བ་ཕུན་ཆེ་གེ་མོ་དང་དང་ཚེ་ཆེ་གེ་མོ་ཡང་ཉེས་གསོག་དེའི་ནང་ཞུགས་པ་རེད། གནའ་བ་བསད་པའི་སྤྱིའི་རིན་ཐང་སྒོར་225,000ཟིན་ཞིང་། དེ་གནས་ཚུལ་ཚབས་ཆེ་བའི་ཁོངས་སུ་གཏོགས་ཀྱི་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་ཞུ་སྦྱོར་ཕྱི་མ་བ་འཇམ་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་གཉིས་ཀྱི་སྡོད་གནས་ནས་གནའ་བའི་རྭ་ཅོ་དང་གནའ་པགས་སོགས་ཀྱི་དཔང་རྟགས་རྙེད་པ་རེད། ཞུ་སྦྱོར་ཕྱི་མ་བ་གསུམ་པོས་རང་ཉིད་ཀྱི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་མ་ཟད། རང་མོས་ཐོག་ངོས་ལེན་དང་ཆད་གཅོད་ངོས་ལེན་ཞུ་ཡིག་ཀྱང་བཞག་པ་རེད།
   ཁྲིམས་རས་ཞུ་སྦྱོར་ཕྱི་མ་བ་གསུམ་པོའི་ཉེས་གསོག་གི་དོན་དངོས་དང་། ངོ་བོ། ཉེས་ཚབས་ཆེ་ཆུང་སོགས་ལ་གཞིགས་ནས་ཉེས་ཅན་གཙོ་བོ་དང་དེའི་རྗེས་འབྲངས་པ། དེ་བཞིན་ཉེས་ཆད་ལྕི་བ་དང་། གུ་ཡངས་གཏོང་བ། ཡང་བཟོས་གཏོང་བ། ཉེས་ཆད་བཅའ་ཡང་གཏོང་བ་བཅས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། ཉེས་ཅན་གཙོ་བོ་འཇམ་ཆེ་གེ་མོར་དུས་བཙོན་ལོ་གསུམ་དང་ཟླ་བདུན་གྱི་ཉེས་ཆད་བཅད་པ་དང་འབྲེལ་དངུལ་ཆད་མི་དམངས་ཤོག་སྒོར་ལྔ་སྟོང་ཆབས་སྦྲགས་སུ་བཅད། དེའི་རྗེས་འབྲངས་ཉེས་ཅན་ཕུན་ཆེ་གེ་མོར་དུས་བཙོན་ལོ་གཅིག་དང་ཟླ་བ་བཅུའི་ཉེས་ཆད་བཅད་པ་དང་ཉེས་ཆད་ཕྱིར་འགྱངས་ལོ་གསུམ་བྱས་པ་དང་འབྲེལ་དངུལ་ཆད་སྒོར་བཞི་སྟོང་ཆབས་སྦྲགས་སུ་བཅད། ཉེས་ཅན་ཚེ་ཆེ་གེ་མོར་དུས་བཙོན་ལོ་གཅིག་བཅད་པ་དང་ཉེས་ཆད་ཕྱིར་འགྱངས་ལོ་གཉིས་བྱས་པ་དང་འབྲེལ་དངུལ་ཆད་སྒོར་སུམ་སྟོང་ཆབས་སྦྲགས་སུ་བཅད། རྗེས་འབྲངས་ཉེས་ཅན་གཉིས་ཀྱིས་ཁྲིམས་རའི་དཔྱད་མཚམས་ལ་བརྩི་སྲུང་ཞུས་ནས་གོང་གཏུག་མི་བྱ་རྒྱུའི་ཐག་བཅད།
   ཤེས་རྟོགས་བྱུང་བར་གཞིགས་ན། གནའ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཤིག་ཡིན་པས། 《རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཀྱི་རིན་ཐང་ཚོད་སྐོར་བྱ་ཐབས》དང་《སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཚད་ལྡན་རིན་ཐང་གི་ཚད་གཞིའི་དཀར་ཆག》ལ་གཞིགས་ན། གནའ་བ་གཅིག་གི་རིན་ཐང་ནི་སྒོར་25000ཡིན་པས་གྱོད་གཞི་དེའི་ནང་ཞུ་སྦྱོར་ཕྱི་མ་བ་3གྱིས་གནའ་བ་9བསད་པ་དང་། ཉེས་གསོག་གི་དངུལ་འབོར་སྒོར་225000ཟིན་ཡོད་པ་རེད། 《རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཉེས་དོན་གྱོད་གཞི་ཐག་གཅོད་པར་སྤྱད་འཐུས་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་འགྲེལ་བཤད》ལྟར་ན། ནག་ཉེས་ཀྱི་དངུལ་གྲངས་སྒོར་ཁྲི་20ནས་སྒོར་ཁྲི་200མ་ལོན་པའི་གནས་ཚུལ་ཚབས་ཆེན་དུ་གཏོགས། གྱོད་གཞི་འདིར་བྱས་ཉེས་ཐེངས་གཉིས་བསགས་པའི་ཁྲོད་དུ་ཞུ་སྦྱོར་ཕྱི་མ་བ་འཇམ་ཆེ་གེ་མོས་ནུས་པ་གཙོ་བོ་ཐོན་ཡོད་པས་ཉེས་ཅན་གཏེ་པོར་གཏོགས་ཤིང་། ཞུ་སྦྱོར་ཕྱི་མ་བ་ཕུན་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་གཉིས་ཀྱིས་བྱས་ཉེས་ཐེངས་གཉིས་བསགས་པའི་ཁྲོད་དུ་ནུས་པ་ཕལ་བའམ་རམ་འདེགས་ཀྱི་ནུས་པ་ཐོན་ཡོད་པས་རྗེས་འབྲངས་ཉེས་ཅན་ཡིན།
    ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཕུགས་དོན་གཉེར་བའི་བྱ་བ་ཞིག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པས། སྤྱི་ཚོགས་ཡོངས་ཀྱིས“རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས།ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་གསོད་པའི་བྱ་ངན་སྤྱོད་ངན་གཏན་འགོག་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་ཆགས་དང་ཞི་བདེ་མཉམ་གནས་ཡོང་བ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།