༄༅།།བརྡ་ཐོ་གསར་ཤོས། ཚ་རྒྱས་ནད་པས་སྨན་པ་ཇི་ལྟར་བསྟེན་དགོས།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 12ཚེས་09ཉིན། 14:38】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་8ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་ལམ་སྲོལ་སྨན་བཅོས་རོགས་སྐྱོབ་ཚོ་ཆུང་གིས《ཚ་བ་རྒྱས་པའི་ནད་པར་སྨན་བཅོས་བྱེད་པའི་བརྒྱུད་རིམ་སྔར་ལས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》སྤེལ་ནས། ཚ་བ་རྒྱས་པའི་ནད་པའི་སྨན་བཅོས་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་ཏེ། ས་གནས་ཁག་གིས་ཚ་བ་རྒྱས་པའི་ནད་པས་སྨན་པར་བསྟེན་པའི་བརྒྱུད་རིམ་སྔར་ལས་སྟབས་བདེ་དང་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
ཚ་བ་རྒྱས་པ་དང་གློ་ལུ་རྒྱག་པ་སོགས་ཀྱི་ནད་རྟགས་བྱུང་པའི་གྲོང་མིར་ཉིང་སྐྱུར་དང་ཡང་ན་གདོད་འགོག་བརྟག་དཔྱད་བྱས་ཡོད་མིན་དང་། དེ་བཞིན་བརྟག་དཔྱད་བྱས་འབྲས་གང་འདྲ་ཡིན་ཡང་། གྲོང་མིར་སྨན་པ་བསྟེན་པའི་དགོས་མཁོ་ཡོད་ཚེ། རང་འགུལ་ངང་སྨན་བཅོས་སྒྲིག་གཞིའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་ཆོག
གྲོང་མིས་སྨན་པ་བསྟེན་པའི་གོ་རིམ་ཁྲོད་དུ། གང་ཐུབ་ཀྱིས་སྒེར་འཁོར་ལ་སྡོད་པ་དང་། སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་མི་སྡོད་པ། རང་ཉིད་གནས་ས་ནས་ཐད་ཀར་སྨན་བཅོས་སྒྲིག་གཞིའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་འགྲོ་བ་མ་ཟད། མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱས་ཏེ། སྣོལ་མར་འགོས་པའི་ཉེན་ཁ་གང་ཐུབ་ཀྱིས་ཇེ་ཆུང་དུ་གཏོང་དགོས།
ས་གནས་ཁག་གིས་བཙན་ཤེད་ཀྱིས་གྲོང་མི་གནས་སའི་སྡེ་ཁུལ་དང་། ཁྲོམ་གཞུང་ལ་འབྲེལ་བ་བྱེད་པའམ་ཡང་ན་མྱུར་སྐྱོབ་རླངས་འཁོར་120བརྒྱུད་ནས་སྐྱེལ་དགོས་པའི་བླང་བྱ་བཏོན་མི་ཆོག བྱེད་ཐབས་གང་རུང་སྤྱད་ནས་དེ་དག་གིས་རང་འགུལ་ངང་སྨན་བཅོས་བྱེད་པར་ཚོད་འཛིན་དང་བཀག་འགོག་བྱེད་མི་ཆོག
སྨན་བཅོས་སྒྲིག་གཞིས་སྨན་པ་བསྟེན་པར་ཡོང་མཁན་ལ་རང་འགན་གཞན་དཀྲི་དང་སྨན་བཅོས་དང་ལེན་མ་བྱས་མི་ཆོག་པ་དང་། ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་ཐོག་མའི་ནད་དཔྱད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས།
ས་གནས་ཁག་གིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་མིང་ཐོ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས་པ་དང་། ཚ་རྒྱས་སྒོ་བསྟེན་སྨན་ཁང་གིས་ཆུ་ཚོད་24རིང་སྨན་བཅོས་བྱེད་རྒྱུ་འགན་ལེན་བྱེད་དགོས་པ་ལས། རང་དགར་སྒོ་རྒྱག་པ་དང་སྨན་བཅོས་བྱེད་མཚམས་འཇོག་མི་ཆོག དྲིལ་བསྒྲགས་འགྲེལ་བཤད་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་དང་། དུས་ཐོག་ཏུ་སྨན་བཅོས་ཞབས་ཞུ་ཐོབ་རྒྱུར་སྟབས་བདེ་ཡོང་བ་བྱེད་དགོས།
