འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་སུའུ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁ་གསལ་པོ་དང་གསོན་ཉམས་དོད་པོས་སྒྲོག་འགྲེལ་བྱེད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་08ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་དུ“བུད་མེད་རྟ་ཐོག་སྒྲོག་འགྲེལ་རུ་ཁག”ཅིག་གིས་ས་བབ་སྨི་3600ལྷག་ཙམ་ཟིན་པའི་རྩྭ་ཐང་དུ་བསྐྱོད་དེ་དགུན་དུས་ཁ་འཐོར་དུ་གནས་པའི་འབྲོག་རར་མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆ་དང་། ཉེ་འགྲམ་གྱི་དཔེ་མཚོན། མི་སེམས་འགུལ་བའི་གཏམ་རྒྱུད་བཅས་ལ་བརྟེན་ནས་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། “ཁོང་ཚོའི་སྒྲོག་འགྲེལ་ནི་མཛའ་བརྩེ་ལྡན་པ་མ་ཟད། སེམས་འགུལ་ཐེབས་པ་ཞིག་ཀྱང་འདུག ཉན་རིན་ཆེན་པོ་འདུག”ཅེས་ལྕགས་ཞ་རུ་གྲོང་ཚོའི་ངག་དབང་གིས་བཤད། ཡང་ཁོང་གིས“ཏང་གི་སྲིད་ཇུས་ཡག་པོ་ཡོད་པས་སླད་ཕྱིན་གྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཆེན་པོ་ཡོད”ཅེས་བཤད།
     “བདེ་སྡོད་ཁང་པར་སྡོད་རྒྱུ་བྱུང་བ་མ་ཟད། ལས་ཀ་ཡང་འཚོལ་རོགས་བྱེད་པ་དང་། ན་དུས་སྨན་བཅོས་འགན་བཅོལ་ཡོད་ལ། ཁོར་ཡུག་ཀྱང་ཡག་ཏུ་ཕྱིན་ཡོད”ཝུའེ་ཡོན་རྫོང་ཆི་ཅ་མེའོ་གྲོང་རྡལ་ཡན་ཝུའུ་ཀོའུ་གྲོང་ཚོའི“མི་སེར་གྱི་མཚན་མོའི་སློབ་གྲྭར”ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་དམིགས་ཏེ་མང་ཚོགས་ཀྱིས་སེམས་ནང་གི་སྐད་ཆ་ལྷུག་པོར་བརྗོད། “འཚོ་བའི་སྤུས་ཚད་ཡག་ཏུ་གཏོང་དགོས་ན་ཏང་གི་སྲིད་ཇུས་ཡག་པོར་བརྟེན་དགོས་ལ་རང་ཉིད་ཀྱི་འབད་བརྩོན་ལའང་བརྟེན་དགོས། ཚང་མས་བློ་སྟོབས་དང་། ལ་རྒྱ། གདེང་སྤོབས་བཅས་ཆེ་རུ་བཏང་ན་འཚོ་བ་ཡག་པོ་དེ་བས་ཀྱང་སྐྱིད་དུ་འགྲོ་ངེས་རེད”ཅེས་སྒྲོག་འགྲེལ་པ་ཆི་ཤའོ་ཕིང་གིས་ཕྱོགས་སྡོམ་གྱིས་བཤད།
     ཉིན་ཤས་བསྟུད་མར། ཀན་སུའུ་ཡི་ས་གནས་ཁག་གི་སྒྲོག་འགྲེལ་པ་གྲོང་གསེབ་དང་སྡེ་ཁུལ་དུ་བསྐྱོད་དེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། ལན་ཀྲོའུ་ཁུལ་གསར་གྱི“གསར་བརྗེའི་རླུང་འཕྲིན་ས་ཚིགས”ནས་སྐད་སྒྲ་སྙན་པོ་ཟམ་མི་ཆད་པར་གྲགས་བཞིན་ཡོད་དེ། ཅིང་ཐའེ་རྫོང་གི་གྲོང་གསེབ་དར་རྒྱས་ཞབས་ཞུ་ཚོགས་པའི་སྒྲོག་འགྲེལ“གོ་བདེ་བ”དང“ཉན་སྤྲོ་བ”དང་དེ་བཞིན་ལིན་ཞ་རྫོང་གི“རྐུབ་སྟེགས་ཚོགས་འདུར”དོན་དངོས་ལ་དམིགས་ནས་བསམ་འཆར་འདོན་པ་སོགས་རེད།
     ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སེམས་ནང་ཟབ་མོ་ཟུག་པ་བྱ་ཆེད། ཀན་སུའུ་ཞིང་ཆེན་གྱིས་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་ཀྱིས་སྒྲོག་འགྲེལ་ཁྱབ་རྒྱ་ཆེ་རུ་བཏང་ཞིང་། ཞིང་ཨུད་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཁག་བགོས་དོ་དམ་སྡེ་ཚན་དང་འབྲེལ་གཏུག་ཚན་པར་བསྐྱོད་དེ་སྒྲོག་འགྲེལ་ཐེངས་50ལྷག་ཙམ་བྱས་པར་མང་ཚོགས་ཁྲི་20ལྷག་ཙམ་ལ་ཕན་པ་ཐོབ་པ་རེད། གྲོང་ཁྱེར་དང་། ཀྲོའུ། རྫོང་། གྲོང་ཁྱེར། ཆུས་བཅས་ཁག་གོང་འོག་མཉམ་འགུལ་གྱིས་རྣམ་པ་སྣ་ཚོགས་ཀྱི་འགོ་ཁྲིད་ལས་བྱེད་པའི་སྒྲོག་འགྲེལ་ཚོགས་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་གི་སྒྲོག་འགྲེལ་ཚོགས་པ། མི་སེར་གྱི་སྒྲོག་འགྲེལ་ཚོགས་པ་བཅས་དུས་གཅིག་ཏུ་བཙུགས་ནས་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དཔེ་སྟོན་ས་ཚིགས་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སོགས་ལ་བརྟེན་ནས“རིག་རྩལ+”དང་། “རྐུབ་སྟེགས་ཚོགས་འདུ” “ས་ཁྲིའི་ཚོགས་འདུ”སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་གོ་སླ་བའི་བྱེད་ཐབས་སྤྱད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གསོན་ཉམས་དོད་པོས་སྒྲོག་འགྲེལ་བྱས་པ་རེད།
     མིག་སྔའི་བར། ཀན་སུའུ་ཞིང་ཆེན་གྱིས་སྒྲོག་འགྲེལ་ཚོགས་པ(ཚོགས་ཆུང)5600ལྷག་ཙམ་བཙུགས་ནས་སྒྲོག་འགྲེལ་བྱེད་སྒོ་ཐེངས་ཁྲི་4.6ལྷག་ཙམ་སྤེལ་བར་ཏང་ཡོན་དང་མང་ཚོགས་ཁྲི་313ལྷག་ཙམ་ལ་ཁྱབ་ཡོད་པ་རེད། དེ་དང་ཆབས་ཅིག“གཞོན་ནུའི་སློབ་སྦྱོང་ཆེ་མོ”དང“སྐེ་དར་དམར་པོ་སློབ་སྦྱོང་ལ་དགའ”ཞེས་པའི་བརྗོད་དོན་གཙོ་བོའི་སྡེ་ཚོགས་དང་རུ་ཁག་གི་སློབ་ཚན་འཚོགས་པར་ཞུགས་མཁན་ཁྲི་670ལྷག་ཙམ་ཟིན་ཡོད་པ་རེད།