འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བློ་མཐུན་ཅང་ཙེ་མིན་གྱི་ཕུལ་དུ་བྱུང་བའི་གཤིས་རྒྱུད་དང་བླ་ན་མེད་པའི་ཉམས་འགྱུར་གྱིས་ང་ཚོ་
མདུན་སྐྱོད་བྱེད་པར་ནམ་ཡང་སློབ་གསོ་དང་སྐུལ་མ་ཐེབས་ངེས་རེད།

—— རྒྱལ་ཡོངས་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཅང་ཙེ་མིན་ལ་རྗེས་དྲན་ཟབ་མོ་ཞུས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་05ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     “བློ་མཐུན་ཅང་ཙེ་མིན་ནམ་ཡང་མི་ནུབ་པར་གྱུར་ཅིག”དང“བློ་མཐུན་ཅང་ཙེ་མིན་ནམ་ཡང་ང་ཚོའི་སེམས་ནང་གནས”ཞེས་པ་ལ་སོགས་ཉིན་ཤས་བསྟུད་མར། ཀྲུང་ཧྭའི་ས་གཞི་ཆེན་པོར་སྐྱོ་གདུང་གིས་ཁེངས་ཤིང་། རྒྱལ་ཡོངས་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བྱེད་ཐབས་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་བློ་མཐུན་ཅང་ཙེ་མིན་ལ་རྗེས་དྲན་ཟབ་མོ་ཞུས་པ་རེད།
     “བློ་མཐུན་ཅང་ཙེ་མིན་གྱི་ཕུལ་དུ་བྱུང་བའི་གཤིས་རྒྱུད་དང་བླ་ན་མེད་པའི་ཉམས་འགྱུར་གྱིས་ང་ཚོ་མདུན་སྐྱོད་བྱེད་པར་ནམ་ཡང་སློབ་གསོ་དང་སྐུལ་མ་ཐེབས་ངེས་རེད”རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀུན་སེམས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

     གཟིགས་རྒྱང་རིང་ལ་དུས་གནས་རྟོགས་དཔྱོད་གནང་མཁས་པ།
     ཟླ་12ཚེས་1ཉིན། པེ་ཅིང་གྲོང་ཁྱེར་ནུབ་འདབས་གནམ་ཐང་དུ་རྒྱལ་དར་ཕྱེད་ཀ་ཕབ་པ་དང་རྣམ་པ་སྒམ་བརླིང་ལྡན་པ་ཞིག་ཡོད། ཆུ་ཚོད་15དང་སྐར་མ་55ལ། བློ་མཐུན་ཅང་ཙེ་མིན་གྱི་སྐུ་གདུང་བཞུགས་པའི་ཆེད་གཏོང་གནམ་གྲུ་དལ་བུར་བབས་པ་དང་། སྒྲ་གདངས་དམའ་བའི་མྱ་ངན་ཞུ་བའི་རོལ་མོའི་ཁྲོད་གུས་དམག་12ཀྱིས་བློ་མཐུན་ཅང་ཙེ་མིན་གྱི་སྐུ་གདུང་བླུགས་པའི་གདུང་སྒམ་བཀྱགས་ནས་ཆེད་གཏོང་གནམ་གྲུ་ནས་ག་ལེར་བབས།
     “ལོ་70ལྷག་ཙམ་གྱི་གསར་བརྗེའི་ལོ་རྒྱུས་ནང་། ཁོང་གིས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ལ་བློ་བརྟན་འགྱུར་མེད་དང་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་ཚད་མེད་གནང་ནས་བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་འཐབ་གནང་ཡོད”བློ་མཐུན་ཅང་ཙེ་མིན་གྱི་རླབས་ཆེ་ཞིང་འོད་སྟོང་འབར་བའི་སྐུ་ཚེ་ཧྲིལ་པོ་ནི་མི་རྣམས་ཀྱིས་གུས་བཀུར་དང་མྱ་ངན་ཟབ་མོ་ཞུ་འོས་པ་ཞིག་རེད།
     “བློ་མཐུན་ཅང་ཙེ་མིན་གྱིས་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་སྒོ་དབྱེ་ནི་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལམ་བུ་ཞིག་ཡིན་པས། བློ་བརྟན་འགྱུར་མེད་ངང་ཕྱོགས་གང་ཅིའི་ཐད་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད” ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཧྲེན་ཁྲོན་ལེང་གིས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞིའི་སྒྱུར་བཅོས་ཀྱི་དམིགས་ཚད་དང་གཞི་རྩའི་སྒྲོམ་གཞི་གཏན་ལ་ཕབ་པ་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་གཞི་རྩའི་མཛད་ཇུས་ལག་བསྟར་དང་ཁྲིམས་ལྟར་རྒྱལ་སྐྱོང་དང་རྒྱལ་ཁབ་ཚུལ་བཞིན་སྐྱོང་རྒྱུ་ཟུང་འབྲེལ་བྱེད་དགོས་ལུགས་བཏོན་པའི་བར་དང་། ཧྲང་ཧའེ་ཕུའུ་ཏུང་གསར་སྤེལ་དང་སྒོ་དབྱེར་རྒྱབ་སྐྱོར་ཧུར་ཐག་བྱས་པ་ནས་རང་རྒྱལ་འདི་ཉིད་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཞུགས་པར་སྐུལ་འདེད་གཏོང་བ་དང“ནང་དུ་གདན་འདྲེན”དང“ཕྱིར་སྐྱོད་པའི”འཐབ་ཇུས་སོགས་བཏོན་པའི་བར། བློ་མཐུན་ཅང་ཙེ་མིན་གྱིས་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་མཛད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་གཏན་འབེབས་དང་ལག་བསྟར་གནང་བ་དང་། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་དང་། ཆབ་སྲིད་ཀྱི་སྒྲིག་གཞི་སྒྱུར་བཅོས། རིག་གནས་ཀྱི་སྒྲིག་གཞི་སྒྱུར་བཅོས། ཕྱོགས་གཞན་དག་ཁག་གི་སྒྱུར་བཅོས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་བཏོད་གནང་ཡོད།
     “རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ངོས་ནས། བློ་མཐུན་ཅང་ཙེ་མིན་གྱིས་རྒྱལ་ཁབ་ཁག་དང་ལས་རིགས་ཁག་གི་མི་སྣ་དང་མཇལ་འཛོམས་གནང་སྟེ། ཁོང་སྐུ་ངོ་མས་ཀྲུང་གོའི་ཕྱི་ནང་སྲིད་ཇུས་གསལ་འགྲེལ་གནང་བ་དང་། ཀྲུང་གོ་དང་རྒྱལ་ཁབ་ཁག་དབར་གྱི་ཁྱབ་ཁོངས་ཁག་དང་། རིམ་པ་ཁག རྣམ་པ་སྣ་ཚོགས་བཅས་ཀྱི་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་བཏོད་གནང་བས་ང་ཚོར་བག་ཆགས་ཟབ་མོ་བཞག་ཡོད” ཧྥུའུ་ཏན་སློབ་ཆེན་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝུའུ་ཤིན་པོ་ཡིས། ང་ཚོས་བློ་མཐུན་ཅང་ཙེ་མིན་འདས་པོའི་ཕུགས་རེ་རྒྱུན་འཛིན་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་རྒྱལ་སྤྱི་དང་རྒྱལ་ནང་སྤྱི་ཡོངས་གཉིས་ལ་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཀྲུང་གོ་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་རྒྱལ་སྤྱིའི་བསམ་ཤེས་དང་རྒྱབ་སྐྱོར་སྔར་ལས་མང་བ་ཐོབ་ཆེད་དེ་བས་དགེ་མཚན་ལྡན་པའི་ཕྱི་རོལ་གྱི་ཁོར་ཡུག་གཏོད་དགོས་ཞེས་བཤད་པ་རེད།
     2006ལོར། བློ་མཐུན་ཅང་ཙེ་མིན་སྐུ་ངོ་མས《ཅང་ཙེ་མིན་གྱི་གསུང་རྩོམ་གཅེས་བསྒྲིགས》དེབ་དང་པོ་དང་། གཉིས་པ། གསུམ་པ་བཅས་རྩོམ་སྒྲིག་གཙོ་སྐྱོང་དང་ས་བཅད་རེ་རེ་བཞིན་ཞུ་དག་གཏན་འབེབས་གནང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་མུ་མཐུད་སྐུལ་འདེད་གཏོང་ཆེད་བསླབ་གཞི་གལ་ཆེན་མཁོ་འདོན་གནང་ཡོད།
     དད་སེམས་བརྟན་ལ་ལས་དོན་སྒྲུབ་སྐབས་ཐུགས་ཐག་ཆོད་པ།
     བློ་མཐུན་ཅང་ཙེ་མིན་སྐུ་གཤེགས་པའི་གནས་ཚུལ་ཐོས་འཕྲལ་ལིང་ནན་མི་དམངས་ལ་སེམས་སྡུག་ཚད་མེད་བྱུང་ཞིང་། ས་གནས་འདིར་བློ་མཐུན་ཅང་ཙེ་མིན་གྱིས“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ཆ་ཚང་ཐེངས་དང་པོ་བཏོན་གནང་བ་དེ་མི་རྣམས་ཀྱིས་བརྗེད་མི་སྲིད།
     2000ལོའི་ཟླ་2པར། བློ་མཐུན་ཅང་ཙེ་མིན་གྱིས་ཀོང་ཏུང་དུ་ལས་དོན་རྟོག་ཞིབ་གནང་སྐབས་བསྟན་དོན། རང་རེའི་ཏང་ལ་མི་དམངས་ཀྱི་བརྩི་བཀུར་ཐོབ་དོན་ནི་རང་རེའི་ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་དུས་རྟག་ཏུ་ཀྲུང་གོའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་བླང་བྱ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་མདུན་སྐྱོད་ཀྱི་ཁ་ཕྱོགས། ཀྲུང་གོའི་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་མཚོན་པས་རེད།
     “‘མཚོན་བྱེད་གསུམ’ གྱི་དགོངས་པ་གལ་ཆེན་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་ཞིང་། དེ་ལས་མཛུབ་ཁྲིད་བསམ་བློའི་ཐད་ཏང་ལ་སླར་ཡང་དུས་བསྟུན་འཕེལ་རྒྱས་བྱུང་བ་མ་ཟད། མར་ཁེ་སི་རིང་ལུགས་པ་ངོ་མ་ཞིག་གི་ཆབ་སྲིད་ཀྱི་བློ་སྟོབས་དང་རིགས་པའི་གཞུང་ལུགས་ཀྱི་བློ་སྟོབས་ཆེན་པོའང་མཚོན་ཡོད” ཀོང་ཏུང་ཞིང་ཨུད་ཏང་གི་སློབ་གྲྭའི་དེ་སྔའི་སློབ་སྤྱི་གཞོན་པ་ཁྲེན་ཧུང་ཡུས་ཀྱིས། བློ་མཐུན་ཅང་ཙེ་མིན་གྱིས་གསར་དུ་བཏོད་པའི“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ནི་ཏང་དང་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད་ཅེས་བརྗོད།
     བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པའི་འགོ་ཁྲིད་འོག ང་ཚོས་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཐོལ་བྱུང་དོན་རྐྱེན་རབ་དང་རིམ་པར་འཚབ་འཚུབ་མེད་པར་ཁ་གཏད་བཅག་ཡོད་ལ། ཆབ་སྲིད་དང་། དཔལ་འབྱོར་གྱི་ཁྱབ་ཁོངས། རང་བྱུང་ཁམས་བཅས་སུ་བྱུང་བའི་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་ཏེ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གྲུ་གཟིངས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་རླབས་གཤགས་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།
     1998ལོའི་དབྱར་ཁར། རང་རྒྱལ་ལ་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་བྱུང་སྟེ། འབྲི་ཆུའི་འབབ་རྒྱུད་དང་། སུང་ཧྭ་ཅང་གཙང་པོའི་འབབ་རྒྱུད། ནེན་ཅང་གཙང་པོའི་འབབ་རྒྱུད་བཅས་ཀྱི་བཟོ་ལས་དང་། ཞིང་ལས། ནུས་རྒྱུའི་རྟེན་གཞི་བཅས་དང་། དེ་བཞིན་མི་དམངས་མང་ཚོགས་ཁྲི་སྟོང་མང་པོའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད།
     ཧུའུ་ནན་དང་། ཧུའུ་པེ། ཅང་ཤིས། ཨན་ཧུའེ་སོགས་གནོད་འཚེ་ཕོག་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཆུ་ལོག་གི་ཉེན་ཁ་ཆེ་ཤོས་ཀྱི་སྐབས་སུ་བློ་མཐུན་ཅང་ཙེ་མིན་འབྲུབ་འགོག་གི་འཐབ་ས་མདུན་མ་དང་དམག་དམངས་ཁྲོད་ཕེབས་ཏེ། སྐུ་ངོ་མས་འབྲུབ་འགོག་འཐབ་རྩོད་ལ་བཀོད་འདོམས་གནང་བའི་མི་སེམས་འགུལ་བའི་རྣམ་པ་སྔར་བཞིན་གསལ་པོར་དྲན་གྱི་ཡོད།
     “འབྲི་ཆུའི་ཆུ་ལོག་ཐེངས་ལྔ་པའི་འགག་རྩའི་དུས་སྐབས་སུ། བློ་མཐུན་ཅང་ཙེ་མིན་གྱིས་ཉེན་ཁར་མ་འཛེམས་པར་ཆུ་རགས་སྟེང་འཛེགས་ནས་འབྲུག་འགོག་ལ་བཀོད་འདོམས་གནང་སོང”ཞེས་སྐབས་དེ་དུས་ཧུའུ་པེ་ཅིན་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་བཞིན་པའི་ལིའུ་ཁེ་དབྱི་ཡིས་སྐབས་དེའི་རྣམ་པ་དག་ད་ལྟའང་གསལ་ལེར་དྲན་བཞིན་བཤད།
     གཙང་པོའི་རགས་ཆེན་སྟེང་། དམག་དམངས་ཚོས་ནུས་ཤུགས་གང་ཡོད་བཏོན་ནས་ཆུ་ལོག་འགོག་བྱེད་ཀྱི་ཆུ་རགས་རྒྱག་བཞིན་ཡོད། བློ་མཐུན་ཅང་ཙེ་མིན་གྱིས་སྐད་དུང་བཟུང་ནས་སེམས་འགུལ་ཐེབས་པའི་ངང“ད་ལྟ་འབྲི་ཆུའི་ཆུ་ལོག་འགོག་པ་དང་ཉེན་ཁ་མྱུར་སེལ་གྱི་འཐབ་རྩོད་དེ་ཐག་གཅོད་དམག་འཐབ་ཀྱི་འགག་རྩའི་དུས་སུ་སླེབས་ཡོད་པས། ཁྱེད་ཚོས་མུ་མཐུད་ངལ་དུབ་ལ་མི་སྐྲག་པ་དང་། དཀའ་ཉེན་ལ་མི་འཛེམ་པ། བསྟུད་མར་དམག་འཐབ་བྱེད་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། མཐུན་སྒྲིལ་འབད་འཐབ་དང་རྒྱུན་འཁྱོངས་མཐར་ཕྱིན་བྱས་ནས་ཆུ་ལོག་འགོག་པ་དང་ཉེན་ཁ་མྱུར་སེལ་གྱི་འཐབ་རྩོད་ལ་མཐའ་མའི་རྒྱལ་ཁ་ལེན་དགོས”ཞེས་གསུངས་པ་རེད།
     དུས་རབས་20པའི་ལོ་རབས་90པར་སླེབས་རྗེས། བློ་མཐུན་ཅང་ཙེ་མིན་གྱིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཟམ་མི་ཆད་པར་མགྱོགས་སུ་འགྲོ་བའི་འཕེལ་ཕྱོགས་དམ་འཛིན་གྱིས། ཀྲུང་གོ་འཕེལ་རྒྱས་དང་། ཡར་ཐོན། འབྱོར་ཕྱུག་བཅས་ཡོང་དགོས་ན། ངེས་པར་དུ་ཕྱི་ཕྱོགས་སྒོ་དབྱེ་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་དང་དཔལ་འབྱོར་དང་། ཚན་རྩལ། རིག་གནས་བཅས་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་ཐོན་གྱི་རིགས་མཐའ་དག་བསྡུ་ལེན་དང་དཔྱད་གཞིར་འཛིན་དགོས་པའི་ནན་བཤད་གནང་བ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་འཐབ་ཇུས་ཀྱི་ཇུས་ཐག་གལ་ཆེན་བཅད་གནང་བ་རེད།
     འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པ་ལས་བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པས་སྤྱི་ཡོངས་སྟངས་འཛིན་དང་དུས་བསྟུན་འཕེལ་རྒྱས་ཀྱི་གཟིགས་རྒྱང་རིང་ལ་དགོངས་པ་ཟབ་པ་དང་སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཡིད་ཆེས་བརྟན་པོ་མཚོན་ཞིང་། དེས་རང་རྒྱལ་ལ་རྒྱལ་སྤྱིའི་ཁོར་ཡུག་སྔར་བས་ལེགས་པ་ཐོབ་པ་དང་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་དང་དཔལ་འབྱོར་གྲུབ་ཆའི་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་ལ་སྐུལ་འདེད་བཏང་བས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད།
     ལག་ལེན་ལ་བརྩི་འཇོག་དང་དུས་བསྟུན་འཕེལ་རྒྱས་གཏོང་མཁས་པ།
     བློ་མཐུན་ཅང་ཙེ་མིན་ང་ཚོ་དང་ནམ་ཡང་བྲལ་ཡང་ཁོང་གི་གཤིས་རྒྱུད་དང་ཉམས་འགྱུར་མི་རྣམས་ཀྱི་སེམས་ནང་ནམ་ཡང་གནས།
     གངས་ལྗོངས་ས་མཐོར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྐྱོ་གདུང་ཆེན་པོས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་མྱ་ངན་ཞུ་བཞིན་ཡོད།
     “བློ་མཐུན་ཅང་ཙེ་མིན་གྱིས་ཏང་གི་རང་ངོས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པར་སློབ་སྦྱོང་ལ་སྣང་ཆེན་དང་། ཆབ་སྲིད་ལ་སྣང་ཆེན། སྲོལ་བཟང་ལ་སྣང་ཆེན་བཅས་བྱེད་དགོས་པ་དང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པར་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས་སྤྱི་ཞབས་པའི་འདུ་ཤེས་དྲག་པོ་འཛིན་དགོས་པའི་བླང་བྱ་བཏོན་གནང་བ་རེད”ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་རུ་སྣེ་ཁྲིད་མཁན་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁྲེན་ཀེང་གིས། དུས་རབས་གསར་པའི་བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བློ་མཐུན་ཅང་ཙེ་མིན་གྱི་ཕུགས་རེ་རྒྱུན་འཛིན་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་ཧུར་ཐག་བསྒྲུབས་ནས་ནམ་ཡང་མི་དམངས་དང་སེམས་པ་གཅིག་ཏུ་འབྲེལ་དགོས་ཞེས་བརྗོད་པ་རེད།
     1995ལོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཚན་རིག་ལག་རྩལ་ཡར་ཐོན་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་ཏེ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དངོས་སུ་བཏོན་པ་རེད། རྒྱལ་ཁབ་ཀྱིས་སྔ་རྗེས་སུ“211འདུ་འགོད”དང“985འདུ་འགོད”ལག་ལེན་བསྟར་བ་དང་ཀྲེ་ཅང་སློབ་ཆེན་འདི་ཉིད་ཁག་དང་པོའི་མཐོ་སློབ་ཀྱི་གྲས་སུ་ཚུད་ཡོད།
     དུས་རབས་བརྗེ་མཚམས་སུ། བློ་མཐུན་ཅང་ཙེ་མིན་གྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་གོ་སྐབས་མི་ཤོར་བར་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་བྱེད་དགོས་ཞེས་གསལ་པོར་བཏོན་གནང་ཡོད། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་71%ཟིན་པའི་ནུབ་རྒྱུད་ས་ཁུལ་དུ་གོ་སྐབས་གསར་པ་བསུས་པ་དང་མང་ཚོགས་དེ་བས་མང་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱུང་ཡོད།
     དེ་སྔ་མྱུར་བགྲོད་གཞུང་ལམ་མེད་པའི་གསར་བརྗེའི་རྟེན་གཞིའི་་ཁུལ་རྙིང་པ་སི་ཁྲོན་པ་ཀྲུང་དུ་ད་ཆ“མཁའ་ལྕགས་མྱུར་གསུམ”དཔུང་གཤིབ་མཉམ་སྐྱོད་ཀྱིས་དུས་གཏན་གནམ་གྲུ་18དང་མེ་འཁོར་ཤར་གཏོང་ཐུབ་པ་དང་གྲོང་ཁྱེར་དེ་གའི་རྫོང་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ནས། དུད་ཚང་ཁྲི་སྟོང་མང་པོར་ཕན་པ་བསྐྲུན་ཡོད། “ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ཀྱིས་པ་ཀྲུང་ལ་རྗེས་ཐོན་བསྙེགས་བརྒལ་དང་དར་རྒྱས་གོང་འཕེལ་གྱི་གོ་སྐབས་གལ་ཆེན་ཐོབ་ཡོད”ཅེས་སི་ཁྲོན་ཞིང་ཆེན་པ་ཀྲུང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ལུའི་ཨའེ་གོ་ཡིས་བརྗོད།
     བློ་མཐུན་ཅང་ཙེ་མིན་གྱིས་བསྟན་གནང་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་གཅིག་ལ་གཅིག་བརྟེན་གྱི་བྱ་གཞག་ཅིག་ཡིན་པས། ཕྱོགས་གང་ཞིག་མེད་ནའང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སུ་འགྱུར་མི་ཐུབ།
     “བློ་མཐུན་ཅང་ཙེ་མིན་གྱིས་རིག་རྩལ་བྱ་གཞག་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་། རིག་རྩལ་ལས་དོན་པ་རྣམས་ལ་བྱམས་བརྩེ་ཧ་ཅང་ཆེན་པོ་གནང་གི་ཡོད” 1997ལོར། བློ་མཐུན་ཅང་ཙེ་མིན་གྱིས་ཀྲུང་གོ་རྡོ་སོལ་གཏེར་ཁའི་རིག་རྩལ་ཚོགས་པ་བཙུགས་ནས་ལོ་ངོ་50འཁོར་བའི་དུས་སུ“གཏེར་རི་ལ་ཁ་ཕྱོགས་པ་དང་། གཏེར་འདོན་བཟོ་པར་ཞབས་འདེགས་ཞུ”ཞེས་ཕྱག་བྲིས་གནང་ཡོད། “འདིས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། དམིགས་ཡུལ་འདི་མཐའ་འཁྱོངས་བྱས་ཏེ། ང་ཚོས་རྒྱུན་ཆད་མེད་པར་གཏེར་ཁུལ་དུ་ཕྱིན་ནས་སྔོག་འདོན་གྱི་གོམས་སྲོལ་ཉམས་ལེན་དང་། ལས་ཡུལ་དང་པོའི་གཏེར་འདོན་བཟོ་པར་ཞབས་འདེགས་ཞུ་བའི་འཁྲབ་སྟོན་བྱས་པས། གཏེར་འདོན་བཟོ་པས་དགའ་པོ་བྱེད་པའི་རིག་རྩལ་ཚོགས་པ་ཞིག་ཏུ་གྱུར་ཡོད། སླད་ཕྱིན། ང་ཚོས་མུ་མཐུད་མི་དམངས་ཁྲོད་གཞི་ཚུགས་ཏེ། ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་དེ་བས་མང་བར་བརྟེན་ནས། མི་དམངས་ལ་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱེད་ཀྱི་ཡིན”ཞེས་དགུང་ལོ་བརྒྱད་ཅུར་ཕེབས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཀྲུང་གོ་རྡོ་སོལ་གཏེར་ཁའི་རིག་རྩལ་ཚོགས་པའི་མཚན་འཛིན་ཚོགས་དཔོན་ཆུས་ཞན་ཧོ་ཡིས་དྲན་གསོ་བྱེད་བཞིན་བརྗོད།
     མང་ཚོགས་ལ་བརྩི་འཇོག མང་ཚོགས་ལ་སེམས་ཁུར།
     ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། ཐམས་ཅད་མི་དམངས་ལ་བརྟེན་དགོས།
     བློ་མཐུན་ཅང་ཙེ་མིན་གྱིས་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལས་དོན་ཡོངས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་རྒྱུན་ཆད་མེད་པར་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་ཆེད་ཡིན།
     1985ལོར། བློ་མཐུན་ཅང་ཙེ་མིན་གྱིས་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་དང་ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས་པ་དང་། 1987ལོར་ཀྲུང་གུང་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས། ཁོང་གིས་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གིས་ལོ་རེར་ངེས་པར་དུ་མི་དམངས་ལ་བྱ་བ་དངོས་འགའ་སྒྲུབ་པའི་བྱེད་ཐབས་སྤྱད་དེ། རྒྱ་ཆེའི་མང་ཚོགས་ཀྱི་ཟས་གོས་འགྲོ་སྡོད་ཐད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པའི་གྲོས་འགོ་བཏོན་གནང་ཡོད།
     ཧྲང་ཧའེ་ཅིང་ཨན་ཆུས་ལིན་ཧྥུན་ལམ་སྲང་ལམ་ལིན་ཧྥུན་ཁུལ་ཆུང་གི་ལོ་73ལ་སླེབས་པའི་གྲོང་མི་ཡའོ་མེ་ལི་ཡི་དྲན་འཆར་ལ། དུས་རབས་20པའི་ལོ་རབས་80པའི་དུས་མཇུག་ཚུན། ཁོང་གི་འཚོ་བ་སྐྱེལ་སའི་ཁོར་ཡུག་ལ་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་འགྲོ་བཞིན་ཡོད། “ང་ཚོའི་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ལེགས་སུ་ཕྱིན་པར། ང་ཚོས་བློ་མཐུན་ཅང་ཙེ་མིན་གྱིས་ཧྲང་ཧའེ་མི་དམངས་ལ་ལེགས་སྐྱེས་རླབས་པོ་ཆེ་ཕུལ་བར་ནམ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”
     དགུན་དུས་སུ། ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལས་བརྒལ་བའི་གདང་ལ་གྲོང་རྡལ་དུ། འབྲི་ཆུའི་ཆུ་འགོ་ཐོག་ཐོན་ཆུ་བོར་དར་ཆགས་ཡོད། བློ་མཐུན་ཅང་ཙེ་མིན་གྱིས་རྡོ་རིང་ཐོག“འབྲི་ཆུའི་ཆུ་འགོ”ཞེས་ཕྱག་བྲིས་གནང་བའི་ཁོར་ཡུག་སྲུང་སྐྱོང་གི་དྲན་གསོའི་རྡོ་རིང་དེ་བརྗིད་ཉམས་ངང་ཀྲོང་ངེར་གནས་ཡོད།
     “རྡོ་རིང་དེ་གཙང་གསུམ་ཆུ་འགོར་བཙུགས་ཡོད་ལ། ས་མཐོའི་མི་དམངས་ཀྱི་སེམས་ནང་བཙུགས་ཡོད”ཅེས་མཚོ་སྔོན་གྱི་འབྲོག་པ་ཤིན་ཝུན་གྱིས་བཤད།
     ཐོག་ཐོན་ཆུ་བོའི་འགྲམ་དུ་སྐྱོད་རིམ་བཞིན། ཤིན་ཝུན་གྱིས་འགྱིག་ཁུག་ཅིག་ཁྱེར་ནས་ཉེ་འགྲམ་གྱི་གད་སྙིགས་སྒྲུག་པ་དང་རྡོ་རིང་གི་ཐལ་རྡུལ་ཕྱིས་ཀྱི་ཡོད། ཁོང་གིས་མཚོ་བོད་ལམ་ཐིག་ཐོག་འགྲོ་འོང་བྱེད་མཁན་ཁ་ལོ་བར“འབྲི་ཆུའི་ཆུ་འགོའི”ཁོར་ཡུག་སྲུང་སྐྱོང་གི་དྲན་གསོའི་རྡོ་རིང་གི་གཏམ་རྒྱུད་བརྗོད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་བརྒྱུད་སྤྲོད་བྱེད་ཀྱི་ཡོད། “ང་ཚོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། གཙང་གསུམ་ཆུ་འགོ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས”
     2000ལོར། བློ་མཐུན་ཅང་ཙེ་མིན་གྱིས་ཏུང་ཀོན་སློབ་ཆུང་གི་སློབ་ཕྲུག་ཚོར་སྤྲིངས་པའི་འཕྲིན་ལན་ནང་དུ། གཞས་དེ་སླར་ཡང་གླེང་གནང་ཡོད་དེ། ཁོང་གིས“ང་རང་སློབ་ཆུང་འགྲིམས་པའི་ལོ་རབས་ནི་ཀྲུང་གོ་དཀའ་སྡུག་གི་གནས་སུ་གྱར་ཞིང་། ཕྱི་གནོད་ནང་འཁྲུག་མང་བ་དང་། སྤྱི་ཚོགས་ཟིང་ཆ་ཆེ་བ་སོགས་ཀྱི་སྐབས་ལ་འཁེལ་ཡོད། ཡིན་ན་ཡང་ཁྱེད་ཚོ་སྐྱེ་དུས་ནི་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པའི་དུས་རབས་རླབས་པོ་ཆེའི་ནང་ཡིན་པས་ངེས་པར་ཏུ་གཅེས་སྤྲས་ཡག་པོ་བྱེད་དགོས”ཞེས་ཕྲུ་གུ་ཚོར་སྐུལ་ལྕག་གནང་བ་རེད།
     ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱ་གཞག་ནི་ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་མང་པོའི་སེམས་ཤུགས་དང་འབད་འཐབ་ལ་བརྟེན་དགོས། ང་ཚོས་མཐུན་སྒྲིལ་དང་འབད་འཐབ་ལ་བརྟེན་ནས་འོད་སྟོང་འབར་བའི་ལོ་རྒྱུས་བཏོད་ཡོད། ད་དུང་ཡང་མཐུན་སྒྲིལ་དང་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།
     “ང་ཚོས་བློ་མཐུན་ཅང་ཙེ་མིན་ལ་རྗེས་དྲན་ཞུ་བ་ནི། ཁོང་གི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་ཆེན་པོ་ལག་ལེན་བསྟར་བ་དང་། ཚད་གཞི་ལོན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་མི་རབས་རེ་རེ་གསོ་སྐྱོང་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་ལེགས་སྐྱེས་འབུལ་རྒྱུ་དེ་ཡིན”རྒྱང་སྐྱོད་ལམ་བུ་གསར་པར་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ། དེ་བས་འོད་སྟོང་འབར་བའི་གྲུབ་འབྲས་ལ་བརྟེན་ནས་བློ་མཐུན་ཅང་ཙེ་མིན་ཐུགས་བདེ་ཡོང་བ་ཞུ་དགོས་ཞེས་ཏུང་ཀོན་སློབ་ཆུང་གི་སློབ་སྤྱི་ཐང་ཁའེ་ཆོན་གྱིས་བརྗོད།
     (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་3ཉིན་འབྱོར་བའི་གློག་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ)