འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་ཕུལ་བའི་ཡི་གེ

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་02ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་ཕུལ་བའི་ཡི་གེ
     ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་ཕུལ་བའི་ཡི་གེ
     ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཡིད་ཤིན་ཏུ་སྐྱོ་བའི་ངང་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་བརྡ་ཁྱབ་གཏོང་རྒྱུ་སྟེ། ང་ཚོའི་གུས་ཤིང་བརྩེ་བའི་བློ་མཐུན་ཅང་ཙེ་མིན་ལ་ཁྲག་སྐྲན་གྱི་སྙུན་གཞི་ཕོག་ནས་དོན་སྣོད་མང་པོའི་བྱེད་ནུས་ཉམས་ཏེ། མྱུར་སྐྱོབ་གང་ཐུབ་བྱས་ཀྱང་ཕན་འབྲས་མ་ཐོན་པར། 2022ལོའི་ཟླ་11ཚེས་30ཉིན་གྱི་ཆུ་ཚོད་12དང་སྐར་མ་13ཐོག་ཧྲང་ཧའེ་རུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་96ཡིན་པ་རེད།
     བློ་མཐུན་ཅང་ཙེ་མིན་ནི་རང་རེའི་ཏང་དང་། རང་རེའི་དམག་དཔུང་། རང་རྒྱལ་མི་རིགས་ཁག་གི་མི་དམངས་བཅས་ཀུན་གྱིས་ཁས་ལེན་པའི་དབང་གྲགས་ཆེ་བའི་འགོ་ཁྲིད་ཁྱད་དུ་འཕགས་པ་ཞིག་དང་། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེའི་ཕུལ་བྱུང་འགོ་ཁྲིད་པ། ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པའི་སྲོག་ཤིང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གསར་གཏོད་གནང་མཁན་གཙོ་བོ་བཅས་རེད།
     བློ་མཐུན་ཅང་ཙེ་མིན་གྱིས་སྐུ་ན་ཕྲ་དུས་ནས་སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་དང་བདེན་དོན་བརྩོན་གཉེར་གནང་ཞིང་། རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དང་དམངས་གཙོའི་གསར་བརྗེའི་བསམ་བློས་ཁོང་གི་བློ་སྒོ་ཕྱེ་ཡོད། སློབ་ཆེན་འགྲིམ་རིང་རི་འགོག་རྒྱལ་གཅེས་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་བརྒྱུད། བློ་མཐུན་ཅང་ཙེ་མིན་གྱི་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་གྲུབ་པ་དང་། མི་ཚེའི་བགྲོད་ལམ་གྱི་གདམ་ག་ལེགས་གྲུབ་བྱུང་བ། མཐར་མི་རིགས་བཅིངས་འགྲོལ་དང་མི་དམངས་བདེ་སྐྱིད་ཆེད་འབད་འཐབ་བྱེད་པའི་མི་ཚེའི་ཕུགས་བསམ་དང་དད་སེམས་གཏན་འཁེལ་བྱུང་ཡོད། 1947ལོར་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་བློ་མཐུན་ཅང་ཙེ་མིན་བཟོ་གྲྭར་ཕྱག་ལས་གནང་། བཟོ་པ་མང་ཚོགས་ཁྲོད་དང་ན་གཞོན་ཚོགས་པའི་མཚན་མོའི་སློབ་གྲྭའི་ལས་རིགས་གཞོན་ནུ་ཚོའི་ཁྲོད་གསར་བརྗེ་དྲིལ་བསྒྲགས་ཀྱི་ཕྱག་ལས་གནང་། 1949ལོར་བཟོ་པ་མང་ཚོགས་སྒྲིག་འཛུགས་གནང་སྟེ་བཟོ་གྲྭ་སྲུང་བའི་བྱེད་སྒོ་སྤེལ་ནས་ཧྲང་ཧའེ་བཅིངས་འགྲོལ་གཏོང་བར་བསུ་བ་ཞུས།
     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་མ་ཐག་པའི་སྐབས་སུ། བློ་མཐུན་ཅང་ཙེ་མིན་གྱིས་སྔ་རྗེས་སུ་ཧྲང་ཧའེ་དབྱི་མིན་བཟའ་བཅའ་བཟོ་གྲྭ་དང་པོའི་ཁྲང་ཀྲང་གཞོན་པ་དང་པོ་དང་། ཧྲང་ཧའེ་འདག་རྫས་བཟོ་གྲྭའི་ཁྲང་ཀྲང་གཞོན་པ་དང་པོ། འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཧྲང་ཧའེ་ཇུས་འགོད་ཡན་ལག་ཅུས་གཉིས་པའི་གློག་ཆས་ཆེད་ལས་ཁོའོ་ཡི་ཁོའོ་ཀྲང་སོགས་ཀྱི་འགན་བཞེས། 1954ལོར་རྒྱལ་ཁབ་ཀྱིས་ཁྲང་ཁྲུན་དུ་རླངས་འཁོར་བཟོ་གྲྭ་དང་པོ་འཛུགས་སྐབས་ཆེད་ལས་ལག་རྩལ་ལས་བྱེད་པ་དང་དོ་དམ་ལས་བྱེད་པ་འབོར་ཆེན་དགོས་སྟབས་བློ་མཐུན་ཅང་ཙེ་མིན་དེ་གར་ལས་སྒྱུར་གནང་། 1955ལོར་སུའུ་ལེན་མོ་སི་ཁོའི་སི་ཏ་ལིན་རླངས་འཁོར་བཟོ་གྲྭར་དངོས་སྦྱོང་གནང་བར་ཕེབས། 1956ལོར་རྒྱལ་ནང་དུ་ལོག་ཕེབས་རྗེས་བློ་མཐུན་ཅང་ཙེ་མིན་གྱིས་ཁྲང་ཁྲུན་རླངས་འཁོར་བཟོ་གྲྭ་དང་པོའི་སྒུལ་ཤུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་། སྤྱི་ཁྱབ་སྒུལ་ཤུགས་ལག་རྩལ་ཆེ་མོ་བ་གཞོན་པ། སྒུལ་ཤུགས་ཡན་ལག་བཟོ་གྲྭའི་ཁྲང་ཀྲང་བཅས་ཀྱི་འགན་བཞེས། 1962ལོར་བློ་མཐུན་ཅང་ཙེ་མིན་འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཧྲང་ཧའེ་གློག་ཆས་ཚན་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པའི་ལས་འགན་གསར་པ་བཞེས་སུ་བཅུག་ཅིང་། ཁོང་གིས་ཚན་ཞིབ་ཁང་དེའི་ཚན་ཞིབ་འགོ་ཁྲིད་ལས་དོན་གྱི་འགན་བཞེས། 1966ལོར་བློ་མཐུན་ཅང་ཙེ་མིན་ཝུའུ་ཧན་ཚ་ཤུགས་བཟོ་ལས་འཕྲུལ་ཆས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅིའི་ལས་ཚབ་ཀྱི་འགན་བཞེས་སུ་བཅུག་པ་དང་། དེ་རྗེས་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་ནས་རྡུལ་ཕྲན་ནུས་པའི་གློག་འདོན་སྒྲིག་ཆས་ཇུས་འགོད་ལས་དོན་སྒྲིག་འཛུགས་གནང་། “རིག་གནས་གསར་བརྗེ་ཆེན་པོ”འགོ་ཚུགས་རྗེས་བློ་མཐུན་ཅང་ཙེ་མིན་ལ་རྡུང་རྡེག་ཕོག 1970ལོར་བློ་མཐུན་ཅང་ཙེ་མིན་འཕྲུལ་ཆས་བཟོ་ལས་པུའུ་དང་པོར་ལས་སྒྱུར་གནང་། 1971ལོར་ཀྲུང་གོ་འཕྲུལ་ཆས་བཟོ་ལས་པུའུ་དང་པོས་རོ་མ་ཉི་ཡར་མངགས་སྡོད་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་སྤྱི་ཁྱབ་ཙུའུ་ཀྲང་གི་འགན་བཞེས། 1973ལོར་རང་རྒྱལ་དུ་ཕྱིར་ལོག་གནང་ནས་འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཕྱི་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཅུས་ཀྲང་གི་འགན་བཞེས། 1980ལོར་བློ་མཐུན་ཅང་ཙེ་མིན་གྱིས་རྒྱལ་ཁབ་ཕྱིར་གཏོང་ནང་འདྲེན་དོ་དམ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཕྱི་རྒྱལ་མ་འཇོག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་དང་ཏང་ཙུའི་ཁོངས་མིའི་འགན་བཞེས་ཏེ། ཀོང་ཏུང་དང་ཧྥུའུ་ཅན་ཞིང་ཆེན་གཉིས་སུ་དམིགས་བསལ་སྲིད་ཇུས་དང་སྐབས་བསྟུན་གྱི་བྱེད་ཐབས་ལག་བསྟར་དང་དཔལ་འབྱོར་དམིགས་བསལ་ཁུལ་ཚོད་འཛུགས་སོགས་གསར་གཏོད་རང་བཞིན་གྱི་ལས་དོན་གྱི་གཙོ་འགན་བཞེས། 1982ལོར་བློ་མཐུན་ཅང་ཙེ་མིན་གྱིས་གློག་རྡུལ་བཟོ་ལས་པུའི་པུའུ་ཀྲང་གཞོན་པ་དང་པོ་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 1983ལོར་པུའུ་ཀྲང་དང་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས་ཏེ། རང་རྒྱལ་གྱི་གློག་རྡུལ་བཟོ་ལས་འཕེལ་རྒྱས་གཏོང་བར་བྱས་རྗེས་གལ་ཆེན་བཞག་གནང་ཡོད། 1982ལོའི་ཟླ་9པར་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་བློ་མཐུན་ཅང་ཙེ་མིན་ཀྲུང་དབྱང་ཨུ་ཡོན་ལ་བདམས་པ་རེད།
     1985ལོར་བློ་མཐུན་ཅང་ཙེ་མིན་གྱིས་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་དང་ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས་པ་དང་། 
1987ལོར་བློ་མཐུན་ཅང་ཙེ་མིན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་མ་ཟད། ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཡང་བཞེས། ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་དང་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་རིང་། བློ་མཐུན་ཅང་ཙེ་མིན་གྱིས་ཧྲང་ཧའེ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྙིང་སྟོབས་ཆེར་སྐྱེད་དང་འཚོལ་ཞིབ་ཕོད་པ་གནང་སྟེ། ཧྲང་ཧའེ་ཡི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཚད་བརྒལ་གལ་ཆེན་ཡོང་བར་སྐུལ་འདེད་བཏང་གནང་བ་མ་ཟད། ཕུའུ་ཏུང་གསར་སྤེལ་དང་སྒོ་དབྱེའི་ལས་དོན་འཆར་འགོད་གང་ལེགས་ཀྱང་གནང་ནས་ཏང་འཛུགས་སྐྱོང་དང་། བསམ་པའི་དཔལ་ཡོན་སྲོལ་གཏོད། སྤྱི་ཚོགས་འཛུགས་སྐྱོང་བཅས་ཡར་རྒྱས་གལ་ཆེན་ཡོང་བར་སྐུལ་འདེད་བཏང་གནང་བ། 1989ལོའི་དཔྱིད་མཇུག་དང་དབྱར་སྟོད་ལ་རང་རྒྱལ་དུ་ཆབ་སྲིད་ཀྱི་ཟིང་ཆ་ཚབས་ཆེན་ལང་སྐབས། བློ་མཐུན་ཅང་ཙེ་མིན་གྱིས་དར་ཆ་གསལ་སྟོན་གྱིས་ཟིང་ཆར་ངོ་རྒོལ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་སྲུང་སྐྱོང་། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཡང་དག་པའི་ཐབས་ཇུས་ལ་བརྩི་བཀུར་དང་ལག་བསྟར་གནང་བ་དང་། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་དམ་པོར་བརྟེན་ནས་ཧྲང་ཧའེ་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ནུས་ལྡན་གནང་།
     1989ལོར་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བློ་མཐུན་ཅང་ཙེ་མིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་དང་། ལོ་དེ་རང་ལ་འཚོགས་པའི་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག བློ་མཐུན་ཅང་ཙེ་མིན་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཏན་འཁེལ་གནང་། 1990ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།
     བློ་མཐུན་ཅང་ཙེ་མིན་ནི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པའི་སྲོག་ཤིང་རེད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་དང་ལོ་རབས་དགུ་བཅུ་པའི་དུས་འགོར། རྒྱལ་སྤྱི་རྒྱལ་ནང་དུ་ཆབ་སྲིད་ཀྱི་ཟིང་ཆ་ཚབས་ཆེན་ལངས་པ་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་བར་ཆད་ཚབས་ཆེན་ཕྲད་ནས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་སྔར་འབྱུང་མ་མྱོང་བའི་དཀའ་ངལ་དང་གནོན་ཤུགས་ཆེན་པོ་ཕྲད། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་སྐལ་ཇི་ཡོང་ཐག་གཅོད་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སྐབས་སུ། བློ་མཐུན་ཅང་ཙེ་མིན་གྱིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱི་སྣེ་ཁྲིད་དེ་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་དམ་པོར་བརྟེན་པའི་ཁར། དར་ཆ་གསལ་སྟོན་གྱིས་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་རང་བཙན་དང་། ལ་རྒྱ། བདེ་འཇགས། བརྟན་ལྷིང་བཅས་སྲུང་སྐྱོང་། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་ལྟེ་བ་ཡིན་པའི་དཔལ་འབྱོར་འཛུགས་སྐྲུན་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བཅས་གནང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་སྲུང་སྐྱོང་གནང་བ་དང་། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད་གནང་།
     ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནས་ཏང་གི་ཚོགས་ཆེན་བཅུ་དྲུག་པའི་བར་གྱི་ལོ་བཅུ་གསུམ་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་འཕེལ་རིམ་གྱི་ཟིལ་རླབས་ཀྱང་དགུང་དུ་འཕྱུར། རྒྱལ་སྤྱི་རྒྱལ་ནང་གི་རྙོག་འཛིང་ཤིན་ཏུ་ཆེ་བའི་དུས་བབ་འོག བློ་མཐུན་ཅང་ཙེ་མིན་གྱིས་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྣེ་ཁྲིད་དེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་བ་དང་། ཏང་གི་གཞི་རྩའི་ལམ་ཕྱོགས་ལ་འགྱུར་བ་མི་གཏོང་བ་མཐའ་འཁྱོངས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་གྱིས་གོ་སྐབས་དམ་འཛིན་དང་། སྒྱུར་བཅོས་ཟབ་གཏོང་། སྒོ་དབྱེ་རྒྱ་ཆེ། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་སྒྱུར་བཅོས་དམིགས་ཚད་དང་གཞི་རྩའི་སྒྲོམ་གཞི་གཏན་ལ་ཕབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་སྤྱི་ལ་དབང་བའི་ལམ་ལུགས་གཙོ་རྐང་དུ་བྱེད་པ་དང་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་རྐང་དུ་བྱེད་པ་དང་བགོ་བཤའ་རྒྱག་སྟངས་སྣ་ཚོགས་མཉམ་དུ་གནས་པའི་བགོ་བཤའི་ལམ་ལུགས་གཏན་ལ་ཕབ་པ། སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་མཛད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་གཏན་འབེབས་དང་ལག་ལེན་བསྟར་བ། དཔལ་འབྱོར་གྱི་སྒྲིག་སྲོལ་སྒྱུར་བཅོས་དང་། ཆབ་སྲིད་ཀྱི་སྒྲིག་སྲོལ་སྒྱུར་བཅོས། རིག་གནས་ཀྱི་སྒྲིག་སྲོལ་སྒྱུར་བཅོས། ཕྱོགས་གཞན་ཁག་གི་སྒྱུར་བཅོས་བཅས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་བཏོད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་མཛད་ཇུས་ལག་ལེན་བསྟར་བ། “ཞི་བས་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་མཐའ་འཁྱོངས་ཀྱིས་ཤང་ཀང་དང་ཨའོ་མོན་བདེ་བླག་ངང་མེས་རྒྱལ་གྱི་པང་དུ་ལོག་པ། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་ཀྱིས་ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་བཏོད་ནས། ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་དང་། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་སྲོལ་གཏོད་ཐད་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་ཉེར་གཅིག་པར་བདེ་བླག་ངང་སྐུལ་སྤེལ་བཏང་གནང་། བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་རབས་གསུམ་པའི་འགོ་ཁྲིད་འོག ང་ཚོས་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཐོལ་བྱུང་དོན་རྐྱེན་རབ་དང་རིམ་པར་འཚབ་འཚུབ་མེད་པར་ཁ་གཏད་བཅག་པ་དང་། ཆབ་སྲིད་དང་དཔལ་འབྱོར་གྱི་ཁྱབ་ཁོངས་དང་རང་བྱུང་ཁམས་སུ་ཐོན་པའི་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་ཏེ་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུ་གཟིངས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་རླབས་གཤགས་མདུན་སྐྱོད་ཐུབ་པའི་འགན་ལེན་གནང་། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ལོ་བཅུ་གསུམ་རིང་རང་རེའི་ཏང་དང་རྒྱལ་ཁབ་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ནི། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་བློ་མཐུན་ཅང་ཙེ་མིན་གྱི་ཐབས་ཇུས་མཁས་ལ་ལེགས་པ་དང་། འགག་རྩའི་དུས་སུ་ནུས་པ་ཐོན་པ། ཆབ་སྲིད་ཀྱི་འགོ་ཁྲིད་འཇོན་ཐང་ཆེ་བ་བཅས་དང་ཁ་བྲལ་ཐབས་མེད།
     བློ་མཐུན་ཅང་ཙེ་མིན་གྱིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས་རིང་། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་འགྱུར་ལྡོག་གལ་ཆེན་དང་འཛམ་གླིང་གི་དམག་དོན་འཕོ་འགྱུར་གསར་པའི་འཕེལ་ཕྱོགས་གསལ་རྟོགས་དང་སྟངས་འཛིན་གནང་བ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ལ་ཆོད་གཏམ་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་གནང་བ། མའོ་ཙེ་ཏུང་གི་དམག་དོན་དགོངས་པ་དང་ཏེང་ཞའོ་ཕིང་གི་དུས་རབས་གསར་པའི་དམག་དཔུང་འཛུགས་སྐྱོང་དགོངས་པ་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་གནང་བ། ཅང་ཙེ་མིན་གྱི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་དགོངས་པ་གསར་གཏོད་གནང་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་གནང་བར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ། བློ་མཐུན་ཅང་ཙེ་མིན་གྱིས་རྒྱལ་སྲུང་འཛུགས་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་མཛད་ཕྱོགས་མཐའ་འཁྱོངས་བྱས་ནས་མི་དམངས་དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། དངོས་གཞི་ཅན་བཅས་སུ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། ཆབ་སྲིད་ཐད་ཚད་ལོན་པ་དང་། དམག་དོན་ཐད་ཉམས་སད་ཐེག་པ། སྤྱོད་ཚུལ་བཟང་བ། སྒྲིག་ཁྲིམས་ནན་པ། འགན་སྲུང་ནུས་ལྡན་བཅས་ཀྱི་སྤྱིའི་བླང་བྱ་ལྟར། རྒྱལ་ཁ་ལེན་ཐུབ་པ་དང་ངོ་བོ་མི་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་ཞིབ་འཇུག་བྱ་གཞི་གཉིས་ལ་དམ་པོར་དམིགས་ཏེ། མི་དམངས་དམག་དཔུང་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་མཐའ་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་རང་རེའི་དམག་དཔུང་གི་འཛུགས་སྐྱོང་ཁག་གི་ཨང་དང་པོར་བཞག་སྟེ། མི་དམངས་དམག་དཔུང་གི་ངོ་བོ་དང་། རང་མདངས། སྤྱོད་ཚུལ་བཅས་ནམ་ཡང་མི་ཉམས་པར་བྱེད་དགོས་པ། འགོག་སྲུང་ཧུར་ཐག་བྱེད་པའི་དམག་དོན་གྱི་འཐབ་ཇུས་མཛད་ཕྱོགས་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་འཕོ་འགྱུར་ལ་སྐུལ་འདེད་བཏང་ནས། ཆ་འཕྲིན་ཅན་གྱི་དམག་དཔུང་འཛུགས་སྐྱོང་དང་ཆ་འཕྲིན་ཅན་གྱི་དམག་འཁྲུག་ལས་རྣམ་པར་རྒྱལ་བའི་དམིགས་ཚད་ལྟར། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུར་བསྐྱོད་དེ། རང་རེའི་དམག་དཔུང་དེང་རབས་ཅན་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་བྱེད་དགོས་པ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། དམག་དཔུང་ནན་སྐྱོང་དང་། ཁྲིམས་ལྟར་དམག་སྐྱོང་། ཧུར་བསྲི་དམག་འཛུགས་བཅས་མཐའ་འཁྱོངས་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་དམག་དཔུང་བཅོས་སྐྱོང་བྱེད་པའི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་བྱས་ཏེ། དུས་བསྟུན་ཡར་བརྩོན་ངང་རང་རེའི་དམག་དཔུང་གི་འཛུགས་སྐྱོང་ཁག་ལ་སྐུལ་འདེད་གཏོང་དགོས་པ། རྒྱལ་སྲུང་དང་། ཚན་རྩལ། བཟོ་ལས་བཅས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། རྒྱལ་སྲུང་ཚན་རྩལ་དང་གོ་མཚོན་སྒྲིག་ཆས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། འགྲོ་སོང་ཅུང་ཆུང་ལ་ཕན་འབྲས་ཅུང་ཆེ་བའི་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་བུར་སྐྱོད་དགོས་པ། ཞི་འཐབ་ཟུང་འབྲེལ་དང་། དམག་དམངས་ཟུང་འབྲེལ། དམངས་ཁྲོད་དམག་གནས་བཅས་ཀྱི་མཛད་ཕྱོགས་ལྟར། རྒྱལ་སྲུང་སྐུལ་སློང་གི་ནུས་པ་ཆེ་རུ་གཏོང་བ་དང་། ལག་རྩལ་མཐོ་བའི་ཆ་རྐྱེན་འོག་མི་དམངས་དམག་འཁྲུག་གི་འཐབ་ཇུས་དང་འཐབ་རྩལ་འཕེལ་རྒྱས་བཏང་སྟེ། དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་ཡོད། དེ་དག་ཐམས་ཅད་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ངོས་ནས་བརྗོད་ན་མཛུབ་ཁྲིད་དོན་སྙིང་ཡུན་རིང་ལྡན་པ་ཤ་སྟག་རེད།
     བློ་མཐུན་ཅང་ཙེ་མིན་གྱིས་མར་ཁེ་སི་རིང་ལུགས་ཀྱི་དགོངས་པའི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་ལག་ལེན་ལ་བརྩི་འཇོག་དང་། མང་ཚོགས་ལ་བརྩི་འཇོག དུས་རབས་ཀྱི་ཁྱད་ཆོས་སྟངས་འཛིན་ཡང་དག རང་རེའི་ཏང་གནས་སའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་ཚན་རིག་དང་མཐུན་པའི་བརྡར་གཅོད་བཅས་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བརྗོད་དོན་གཙོ་བོ་འདིར་དམིགས་ཏེ་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་གསུམ། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཕྱོགས་གང་ས་ཅི་ཐད་ནས་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ནས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་བཅས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ། ལྷག་པར་དུ་ཁོང་གིས་ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་གསར་གཏོད་གནང་བ་ལས། ཏང་གིས་བསམ་བློར་མཛུབ་ཁྲིད་བྱེད་པར་སླར་ཡང་དུས་བསྟུན་འཕེལ་རྒྱས་བྱུང་ལ། མར་ཁེ་སི་རིང་ལུགས་པ་ངོ་མ་ཞིག་གི་ཆབ་སྲིད་ཀྱི་བློ་སྟོབས་དང་རིགས་པའི་གཞུང་ལུགས་ཀྱི་བློ་སྟོབས་ཆེན་པོའང་མངོན། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྱིས་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་བླང་བྱ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཀྱི་མདུན་སྐྱོད་ཁ་ཕྱོགས། ཀྲུང་གོའི་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་མཚོན་པར་བྱེད་དགོས་པར་དམིགས་སུ་ནན་བཤད་བྱས་ཡོད། དེས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་དང་ཡར་ཐོན་གྱི་ཡོངས་ཁྱབ་ཆོས་ཉིད་ལ་སྲུང་བརྩི་ཞུས་པ་དང་། དུས་རབས་འཕེལ་རྒྱས་འགྲོ་བའི་རླབས་རྒྱུན་དང་རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་གྱི་བླང་བྱ་དང་བསྟུན་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་རེ་འདུན་མཚོན་པ། དུས་བབ་གསར་པའི་འོག་ཏང་གི་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུ་དང་། ཏང་གི་སྲིད་འཛིན་གནས་བབ་བརྟན་དུ་གཏོང་རྒྱུ། ཏང་གི་སྲིད་འཛིན་ལས་འགན་ལེགས་སྒྲུབ་བྱ་རྒྱུ་བཅས་ཀྱི་རྩ་བ་དམ་པོར་བཟུང་། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་གྱི་ཁྱད་ཆོས་མངོན་གསལ་དོད་ཤོས་དང་བྱས་རྗེས་ཆེ་ཤོས་ནི་འབྲེལ་བ་དམ་ཟབ་དང་ཕན་ཚུན་འབྲེལ་མཐུད་ཀྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སྤྱད་དེ། སྤྱི་ཚོགས་རིང་ལུགས་ནི་ཅི་འདྲ་ཞིག་ཡིན་པ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པའི་གནད་དོན་ལ་ལན་སྔར་ལས་ལྷག་པར་བཏབ་པ་དང་། ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས་པ་དང་ཏང་འཛུགས་སྐྱོང་ཇི་ལྟར་བྱེད་དགོས་པའི་གནད་དོན་ལ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལན་བཏབ། དེ་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་རེད། དེས་དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཆོས་ཉིད་ལ་འཛིན་པའི་ང་ཚོའི་ངོས་འཛིན་ཟབ་ཏུ་བཏང་ཡོད།
     བློ་མཐུན་ཅང་ཙེ་མིན་གྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཏང་གི་ཚོགས་ཆེན་བཅུ་དྲུག་པ་གྲ་སྒྲིག་བྱེད་རིང་། བློ་མཐུན་ཅང་ཙེ་མིན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་དང་ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་ཆེད། ཀྲུང་དབྱང་འགོ་ཁྲིད་ཀྱི་གོ་གནས་དེ་ནས་བཟུང་མི་འཁུར་རྒྱུ་མ་ཟད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནས་ཀྱང་ཕྱིར་འཐེན་བྱེད་ཀྱི་ཡིན། དེ་འདྲ་བྱས་ན་ཏང་དང་རྒྱལ་ཁབ་ཀྱི་མཐོ་རིམ་འགོ་ཁྲིད་རྙིང་ཚབ་གསར་མཐུད་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་རང་འགུལ་ངང་བཏོན་གནང་། ཏང་ཀྲུང་དབྱང་ནས་བློ་མཐུན་ཅང་ཙེ་མིན་གྱི་ཐུགས་འདུན་ལ་མོས་མཐུན་གནང་། སྐབས་དེ་དུས་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ལས་འགན་ལྕི་པོར་བསམ་གཞིག་བྱས་ཏེ། ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག བློ་མཐུན་ཅང་ཙེ་མིན་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་མུ་མཐུད་བསྐོ་གཞག་གནང་རྒྱུ་གཏན་ལ་ཕབ། ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་རྗེས། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་སྐབས་གསར་པའི་ལས་དོན་ལ་བློ་མཐུན་ཅང་ཙེ་མིན་གྱིས་ཐུགས་ནུས་ཡོད་རྒུས་རྒྱབ་སྐྱོར་གནང་སྟེ། ཏང་ཀྲུང་དབྱང་གིས་ཁོང་ལ་དཀྲིས་པའི་འགན་འཁྲི་སྒྲུབ་གང་ཐུབ་ཅི་ཐུབ་གནང་། 2004ལོར་བློ་མཐུན་ཅང་ཙེ་མིན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ། ཁོང་གིས་བཞེས་པའི་ཏང་དང་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གོ་གནས་ནས་དགོངས་པ་ཞུ་ཡི་ཡིན་ཞེས་རང་འགུལ་ངང་སླར་ཡང་བཏོན་གནང་བ་དེ་ལས། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་གཟིགས་རྒྱང་རིང་བའི་དགོངས་པ་གཏིང་ཟབ་བཞེས་པ་མཚོན།
     འགོ་ཁྲིད་ཀྱི་གོ་གནས་ནས་ཕྱིར་འཐེན་གནང་རྗེས། བློ་མཐུན་ཅང་ཙེ་མིན་གྱིས་ཏང་ཀྲུང་དབྱང་གི་ལས་དོན་ལ་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་ཐུགས་ཁུར་གནང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བ། 2006ལོར་བློ་མཐུན་ཅང་ཙེ་མིན་སྐུ་ངོ་མས《ཅང་ཙེ་མིན་གྱི་གསུང་རྩོམ་གཅེས་བསྒྲིགས》དེབ་དང་པོ་དང་། གཉིས་པ། གསུམ་པ་བཅས་རྩོམ་སྒྲིག་གཙོ་སྐྱོང་དང་ཞུ་དག་གཏན་འབེབས་གནང་། 《ཅང་ཙེ་མིན་གྱི་གསུང་རྩོམ་གཅེས་བསྒྲིགས》ནང་གཙོ་བོ་བློ་མཐུན་ཅང་ཙེ་མིན་གྱི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ནས་དུས་རབས་ཉེར་གཅིག་པའི་དུས་འགོའི་བར་གྱི་མཚོན་བྱེད་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པའི་གསུང་རྩོམ་གལ་ཆེན་རྣམས་བསྡུས་ནས་བཀོད་དེ། ང་ཚོས“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་སྔར་བས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་མུ་མཐུད་སྐུལ་སྤེལ་གཏོང་བར་དཔྱད་གཞི་གལ་ཆེན་མཁོ་འདོན་གནང་།
     བློ་མཐུན་ཅང་ཙེ་མིན་ནི་གཟིགས་རྒྱང་རིང་ལ་དུས་གནས་རྟོགས་དཔྱོད་གནང་མཁན་ཞིག་ཡིན་ཞིང་། ག་དུས་ཡིན་ཡང་ཀྲུང་གོ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ནས་གནད་དོན་ལ་ལྟ་ཞིབ་དང་བསམ་གཞིག་གནང་བ་དང་། རིགས་པའི་གཞུང་ལུགས་གསར་གཏོད་དང་ཕྱོགས་གཞན་དག་ཐད་ཀྱི་གསར་གཏོད་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་གནང་གི་ཡོད། བློ་མཐུན་ཅང་ཙེ་མིན་ནི་དད་སེམས་བརྟན་པ་དང་བློ་ཐག་ཆོད་པོས་དོན་དག་ཐག་གཅོད་གནང་མཁན་ཞིག་ཡིན་ཞིང་། ག་དུས་ཡིན་ཡང་ཏང་དང་མི་དམངས་ཐུགས་དབུས་སུ་འཇོག་པ་དང་། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་མཐའ་འཁྱོངས་གནང་བ། འགག་རྩའི་དུས་སུ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཇུས་ཐག་གཅོད་པའི་ཐུན་མོང་མ་ཡིན་པའི་བློ་སྤོབས་དང་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་བློ་སྟོབས་ཆེན་པོ་ཡོད། བློ་མཐུན་ཅང་ཙེ་མིན་གྱིས་ལག་ལེན་ལ་བརྩི་འཇོག་དང་དུས་བསྟུན་མདུན་སྐྱོད་གནང་ཞིང་། ག་དུས་ཡིན་ཡང་དུས་རབས་འཕེལ་རྒྱས་ཀྱི་འཕར་རྩ་དང་གོ་སྐབས་ལ་དམ་འཛིན་གྱིས་ཏང་དང་མི་དམངས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ནས་འགོ་བརྩམས་ཏེ། ཉམས་མྱོང་ཕྱོགས་སྡོམ་དང་ལམ་བུ་འཚོལ་ཞིབ་མཐའ་འཁྱོངས་གནང་ནས་ཏན་ཏན་ཏིག་ཏིག་དང་གསར་འབྱེད་ཡར་བརྩོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་གནང་གི་ཡོད། བློ་མཐུན་ཅང་ཙེ་མིན་གྱིས་མང་ཚོགས་ལ་བརྩི་འཇོག་དང་ཐུགས་ཁུར་གནང་ཞིང་། ག་དུས་ཡིན་ཡང་མི་དམངས་མང་ཚོགས་ཀྱི་བདེ་སྡུག་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གཞིགས་ནས་ལས་དོན་ལ་ཞིབ་བཤེར་དང་སྐུལ་འདེད་གནང་གི་ཡོད། བློ་མཐུན་ཅང་ཙེ་མིན་གྱི་ཕུལ་དུ་བྱུང་བའི་གཤིས་སྤྱོད་དང་བླ་ན་མེད་པའི་ཉམས་འགྱུར་ལས་ང་ཚོ་མདུན་དུ་སྐྱོད་པར་ནམ་ཡང་སློབ་གསོ་དང་སྐུལ་ལྕག་ཐེབས་ངེས་རེད།
     བློ་མཐུན་ཅང་ཙེ་མིན་སྐུ་གཤེགས་པ་ནི་རང་རེའི་ཏང་དང་། རང་རེའི་དམག་དཔུང་། རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་བཅས་ནས་བཤད་ན་ཚོད་དཔག་བྱེད་ཐབས་བྲལ་བའི་གྱོང་གུན་ཞིག་རེད། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་སྐྱོ་གདུང་སྟོབས་ཤུགས་སུ་བསྒྱུར་ནས་བློ་མཐུན་ཅང་ཙེ་མིན་སྐུ་འདས་པོའི་ཕུགས་རེ་རྒྱུན་འཛིན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ང་ཚོའི་མྱ་ངན་ཞུ་ལུགས་མཚོན་པར་བྱེད་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན།
     ང་ཚོས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་རང་རྟོགས་ངང་མཐུན་སྒྲིལ་བྱས་ཏེ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལོན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེར་ཁྲིད་སྟོན་བཅས་བྱས་ནས་རང་རེའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་བྱེད་དགོས།
     ང་ཚོས་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། དམ་པ་དོན་གཉེར་བཅས་མཐའ་འཁྱོངས་བྱེད་པ། རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པ། དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གོ་རྟོགས་གསར་པ་ཟམ་མི་ཆད་པར་གཏོད་པ་བཅས་བྱས་ཏེ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ནས་བདེན་དོན་གྱི་འོད་སྟོང་དེ་བས་འཕྲོ་བར་བྱེད་དགོས།
     ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་གཞི་གནས་སུ་འཇོག་པ་དང་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་དགོས།
     ང་ཚོས་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ། མི་དམངས་ཀྱི་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ། མི་དམངས་མང་ཚོགས་དང་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱེད་དགོས།
     ང་ཚོས་ངེས་པར་དུ“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ཧུར་ཐག་བྱས་ཏེ། བློ་མཐུན་ཅང་ཙེ་མིན་གྱི་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་ཉམས་འགྱུར་ལ་སློབ་སྦྱོང་དང་། ཁོང་གིས་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་གནང་བའི་ཚན་རིག་དང་མཐུན་པའི་སྤྱོད་ཚུལ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། རང་རྒྱལ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྐྲུན་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
     ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་བློ་མཐུན་ཅང་ཙེ་མིན་ཚུད་པའི་གུང་ཁྲན་ཏང་མི་མི་རབས་མང་པོའི་སེམས་ནུས་དང་འབད་འཐབ་འདུས་ཡོད། མདུན་སྐྱོད་ཀྱི་ལམ་དུ་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཡིད་ཆེས་བརྟན་པོ་དང་། བློ་གཅིག་སེམས་གཅིག དཀའ་སྤྱད་འབད་འབུངས། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
     བློ་མཐུན་ཅང་ཙེ་མིན་ནམ་ཡང་མི་ནུབ་པར་གྱུར་ཅིག
     (ཤིན་ཧྭ་གསར་འགྱུར་ཁང་ནས་ཟླ་11ཚེས་30ཉིན་འབྱོར་བའི་གློག་འཕྲིན)