འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་གསོད་ལག་དམར་འདི་ལ་སྲོག་ཁྲིམས་བཅད་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་01ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མི་གསོད་ལག་དམར་འདི་ལ་སྲོག་ཁྲིམས་བཅད་འདུག
    མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་11ཚེས་30ཉིན་གྱི་སྔ་དྲོ། ཅང་ཞི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལའོ་རུང་ཀྲིས་ཤེས་བཞིན་དུ་མི་གསོད་དང་། འཕྲོག་བཅོམ། བཙན་ཁྲིད་བཅས་བྱས་པའི་གོང་གཏུག་གྱོད་གཞིའི་འདྲི་གཅོད་གཉིས་པར་ཡོངས་བསྒྲགས་སུ་དཔྱད་མཚམས་བཏང་པ་རེད། 
    ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་དཔྱད་མཚམས་འདི་ལྟ་སྟེ། 1996ལོ་ནས་1999ལོའི་བར་ཞུ་སྦྱོར་ཕྱི་མ་བ་ལའོ་རུང་ཀྲི་དང་ཧྥ་ཙི་ཡིང(སྲོག་ཁྲིམས་བཅད་ཟིན་)གཉིས་ཀྱིས་གྲོས་མོལ་ཏེ། ལའོ་རུང་ཀྲི་ཡིས་རོལ་རྩེད་ར་བར་ཞབས་ཞུ་བྱེད་པའི་སྟབས་དང་བསྟུན་ནས་ཉེས་གསོག་བྱ་ཡུལ་འཚོལ་ཞིབ་བྱེད་པ་དང་། ཧྥ་ཙི་ཡིང་གིས་གཏུམ་སྤྱོད་སྤེལ་རྒྱུའི་ངན་གྲོས་བྱས། དེ་གཉིས་ཀྱིས་སྔ་རྗེས་སུ་ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དང་། ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་བཅས་སུ་འཕྲོག་བཅོམ་དང་། བཙན་ཁྲིད། བསམ་བཞིན་དུ་མི་གསོད་པ་བཅས་ཀྱི་ཉེས་གསོག་ཁག་4སྤེལ་བས། མི་7རྐྱེན་ལམ་དུ་ཤོར་ཡོད། གྱོད་གཞི་ཐོན་རྗེས། ལའོ་རུང་ཀྲིས་“ཞུའེ་ལི་”སོགས་མིང་རྫུན་མ་སྤྱད་དེ་དུས་ཡུན་རིང་པོར་བྲོས་བྱོལ་བྱས་མོད། 2019ལོའི་ཟླ་11ཚེས་28ཉིན་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱས་པ་རེད། ནན་ཁྲང་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་ལའོ་རུང་ཀྲི་ཡིས་བསམ་བཞིན་དུ་མི་བསད་པ་དང་། འཕྲོག་བཅོམ། བཙན་ཁྲིད་བཅས་བྱས་པའི་ཉེས་མང་སྡེབ་གཅོད་ཀྱིས་སྲོག་ཁྲིམས་གཅོད་པ་དང་། ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱ་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུའི་ཉེས་ཆད་བཅད་པ་རེད།
    བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས་ལའོ་རུང་ཀྲི་ཡིས་གོང་གཏུག་བྱ་རྒྱུ་བཏོན། ཅང་ཞི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་2022ལོའི་ཟླ་8ཚེས་18ཉིན་ནས་ཚེས་20ཉིན་བར་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་གྱོད་གཞི་དེར་འདྲི་ཞིབ་བྱས། འདྲི་གཅོད་གཉིས་པས་ངོས་འཛིན་བྱས་པའི་དོན་དངོས་དེ་འདྲི་གཅོད་ཐེངས་དང་པོ་དང་གཅིག་མཚུངས་བྱུང་བས། ཅང་ཞི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བསམ་བཞིན་དུ་མི་གསོད་པ་དང་། འཕྲོག་བཅོམ། བཙན་ཁྲིད་བྱེད་པ་བཅས་ཀྱི་ཉེས་པ་མཉམ་བསགས་བྱེད་སྐབས། ལའོ་རུང་ཀྲིས་གནོད་འཚེ་གཏོང་ཡུལ་འཚོལ་བ་དང་། གཡོ་འགུག བསྡམས་བསྐྱིག དོ་དམ། འཇིགས་སྐུལ་བཅས་བྱས་པ་མ་ཟད། རྐུན་ལམ་མྱུལ་བ་དང་། དངུལ་ལེན་པ། ཉེས་གསོག་ལག་ཆ་ཉོ་བ་སོགས་ཀྱི་བྱ་སྤྱོད་སྤེལ་ཡོད་ཅིང་། ཧྥ་ཙི་ཡིང་དང་ལས་བགོས་ཁ་གསལ་དང་ཕན་ཚུན་གཞོགས་འདེགས་བྱས་གཤིས་ཉེས་པ་མཉམ་བསགས་ཀྱི་བྱས་ཉེས་གྲུབ་པ་དང་། རང་ཚུགས་རང་བཞིན་ཆེ་བ་དང་ནུས་པ་མངོན་གསལ་དོད་པོ་ཡོད་པའི་ངོས་འཛིན་བྱས་པ་རེད། དེ་གཉིས་ཀྱིས་ལོ་བཞི་ཙམ་གྱི་ནང་དུ་ས་ཆ་མང་པོར་བྱས་ཉེས་མང་པོ་བསགས་ཡོད་པ་དང་། ལའོ་རུང་ཀྲི་ལ་ཧྥ་ཙི་ཡིང་གིས་བསམ་བློའི་ཚོད་འཛིན་དང་བཙན་ཤེད་ཐེབས་པ་ར་སྤྲོད་བྱེད་པའི་དཔང་རྟགས་མེད་ཅིང་། ལའོ་རུང་ཀྲི་ཡིས་ཀྱང་བྱས་ཉེས་མཉམ་དུ་བསགས་པའི་ཁྲོད་དུ་ནུས་པ་གཙོ་བོ་ཐོན་ཡོད་པས། ཁྲིམས་ལྟར་ཉེས་ཅན་གཏེ་པོར་ངོས་འཛིན་བྱས་པ་རེད།
    ཅང་ཞིའི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ངོས་འཛིན་བྱས་དོན། གོང་གཏུག་བྱེད་མཁན་ལའོ་རུང་ཀྲི་ཡིས་ཧྥ་ཙི་ཡིང་དང་མཉམ་དུ་ཁྲིམས་འགལ་གྱིས་མི་གཞན་གྱི་ཚེ་སྲོག་བཙན་འཕྲོག་བྱས་པ་དེས་བསམ་བཞིན་དུ་མི་བསད་པའི་བྱས་ཉེས་གྲུབ་ཡོད། ཁྲིམས་འགལ་གྱིས་བདག་གིར་འཛིན་པའི་དམིགས་ཡུལ་བཅངས་ནས་དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་མི་གཞན་གྱི་རྒྱུ་ནོར་འཕྲོག་བཅོམ་བྱས་པ་དེས་འཕྲོག་བཅོམ་གྱི་བྱས་ཉེས་གྲུབ་ཡོད། རྒྱུ་ནོར་བཙན་ལེན་བྱ་རྒྱུའི་དམིགས་ཡུལ་བཅངས་ནས་མི་གཞན་བཙན་ཁྲིད་བྱས་པ་དེས་བཙན་ཁྲིད་བྱས་པའི་བྱས་ཉེས་གྲུབ་ཡོད། ལའོ་རུང་ཀྲི་བྱས་ཉེས་དུ་མ་བསགས་པར་ཁྲིམས་ཐག་སྡེབ་གཅོད་བྱེད་དགོས། ལའོ་རུང་ཀྲི་ཡིས་ཧྥ་ཙེ་ཡིང་དང་མཉམ་དུ་མི་ལྔ་བསད་པ་དང་། ཁྱིམ་འཛུལ་རྐུ་འཕྲོག་བྱས་ནས་མི་གཅིག་ཤི་སྐྱོན་བཟོས་པ་མ་ཟད་འཕྲོག་བཅོམ་བྱས་པའི་གྲངས་འབོར་ཆེ་ཧ་ཅང་ཆེ། བཙན་ཁྲིད་བྱས་ནས་མི་གཅིག་ཤི་སྐྱོན་བཟོས་ཤིང་ཉེས་ཚབས་ཤིན་ཏུ་ཆེ་ཞིང་བྱེད་ཐབས་ཧ་ཅང་གདུག་རྩུབ་ཆེ་བ་དང་། ངན་འབྲས་དང་ནག་ཉེས་ཤིན་ཏུ་ཚབས་ཆེ་བ་མ་ཟད། རང་སྣང་གི་ངན་ཚབས་ཧ་ཅང་ཆེ་ལ། སྤྱི་ཚོགས་ལ་གནོད་སྐྱོན་རང་བཞིན་ཆེ་བ་བཅས་ཡིན་པས་ཁྲིམས་ལྟར་ཉེས་ཆད་ལྕི་བར་གཅོད་དགོས། ལའོ་རུང་ཀྲི་དང་དེའི་དག་འབུད་ཁྲིམས་རོགས་པས་ལའོ་རུང་ཀྲི་ནི་རྗེས་འབྲངས་ཉེས་ཅན་དང་བཙན་སྐུལ་རོགས་ཁྲིད་ཉེས་ཅན་ཡིན་པ་ལས་བསམ་བཞིན་དུ་མི་བསད་པའི་བྱས་ཉེས་མི་གྲུབ་པའི་གོང་གཏུག་རྒྱུ་མཚན་དང་དག་འབུད་བསམ་འཆར་དེ། འདྲི་གཅོད་གཉིས་པས་རྩད་ཆོད་མཐའ་གསལ་བྱུང་བའི་དོན་དངོས་དང་མི་མཐུན་ཞིང་། ཁྲིམས་ཀྱི་གཞི་འཛིན་ས་མེད་པས་ཁྲིམས་ལྟར་དང་ལེན་མི་བྱ་རྒྱུ། འདྲི་གཅོད་དང་པོའི་དཔྱད་མཚམས་ནང་གཏན་ཁེལ་བྱས་པའི་དོན་དངོས་ཁ་གསལ་ཡིན་པ་དང་། དཔང་རྟགས་ཁུངས་བཙུན་དང་ཆ་ཚང་ཡིན་ལ། ཉེས་གཅོད་ཡང་དག་དང་། བྱས་ཉེས་ཚད་འབེབས་འོས་འཚམ་བཅས་ཡིན་པ་དང་། འདྲི་གཅོད་ཀྱི་གོ་རིམ་ཁྲིམས་མཐུན་ཡིན། གོང་གཏུག་ཞུས་རིགས་ཕྱིར་བསློག་རྒྱུ་མ་ཟད་ཐོག་མའི་དཔྱད་མཚམས་སོར་འཇོག་བྱ་རྒྱུའི་བཀའ་བཅད་གཏོང་རྒྱུ་དང་། ལའོ་རུང་ཀྲི་ལ་སྲོག་ཁྲིམས་གཅོད་རྒྱུའི་བཀའ་བཅད་བཏང་དོན་བཅའ་ཁྲིམས་ལྟར་ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་ཞིབ་བཤེར་ཆོག་མཆན་ཞུ་རྒྱུ།
    འདྲི་གཅོད་གཉིས་པའི་འདྲི་ཞིབ་ཁྲོད་ཁྲིམས་རས་ཁྲིམས་ལྟར་གོང་གཏུག་བྱེད་མཁན་ལའོ་རུང་ཀྲི་དང་དེའི་དག་འབུད་ཁྲིམས་རོགས་པའི་གཏུག་བཤེར་བྱེད་པའི་དབང་ཆ་ཁག་ལ་འགན་སྲུང་བྱས་ཡོད། དག་འབུད་ཁྲིམས་རོགས་པས་ཁྲིམས་ཐག་བཅད་པར་ཞུགས་ནས་དོ་བདག་གི་གཉེན་ཉེ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། སྨྱན་སྦྱོར་གྱི་གསར་འགོད་པ་བཅས་དང་དེ་བཞིན་ལས་རིགས་ཁག་གི་མང་ཚོགས་ཁྱོན་མི་60ལྷག་དྲ་ཐོག་གམ་དྲ་འོག་གི་བྱེད་ཐབས་བརྒྱུད་ནས་བཅད་ཁྲ་ཁྱབ་བསྒྲགས་ཟུར་ཉན་བྱས་པ་རེད།
༄༅།།མི་གསོད་ལག་དམར་འདི་ལ་སྲོག་ཁྲིམས་བཅད་འདུག