འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་ཁེ་ལས་ལ་དྲོ་སྐྱིད་སྦྱིན་པ་དང་ཚོང་དོན་བརྟན་པོ་ཡོང་བའི་བྱ་སྤྱོད་སྤེལ་ནས་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་འགན་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་01ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ● གཙོ་གནད་ཁེ་ལས་ལ“གཅིག་གཏད་གཅིག”གི་འགན་ལེན་ཞབས་ཞུ་དོན་འཁྱོལ་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་བརྟན་པོ་ཡོང་བའི་འགན་ལེན་བྱས་པ།
     ● “མིང་ཐོ་དཀར་པོའི”ལམ་ལུགས་བཟོས་ནས་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་པ།
     ● དུས་ཚིགས་དང་པོ་ནས་གསུམ་པའི་བར་ཟི་ལིང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མས་ཞིང་ཆེན་ཡོངས་ཀྱི་བསྡུར་གྲངས་ཀྱི་བཅུ་ཆ་བཞི་ཙམ་བཟུང་བས་ཟི་ལིང་གི་དཔལ་འབྱོར་བརྟན་པོ་བྱུང་ན་ཞིང་ཆེན་ཡོངས་བརྟན་པོ་ཡོང་རྒྱུ་རེད།
     ● མིག་སྔར་ཟི་ལིང་དུ“མིང་ཐོ་དཀར་པོའི”ནང་བདམས་པའི་ཁེ་ལས་94ཟིན་པ་དང་ལས་ཐོན་བསྐྱར་ཚུགས་བྱེད་ཚད་100%ཟིན་ཡོད།
     ● དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་14.7%འཕར་བ་དེ་ལོ་སྟོད་ལས་བརྒྱ་ཆའི་གྲངས་1.1འཕར་ཡོད།
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པ་མཚོ་སྔོན་ཀའོ་ཅིང་ཉི་ནུས་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས་ལས་བཟོ་3400ལྷག་ཙམ་གྱིས་ཤེལ་གཟུགས་རྐྱང་པའི་སྭེལ་དབྱུག་དང་ཀུའེ་ལྷེབ་སོགས་ཐོན་སྐྱེད་བྱེད་བཞིན་ཡོད་པ་མཐོང་བྱུང་། ཟི་ལིང་ནན་ཁྲོན་བཟོ་ལས་གླིང་ཁུལ་དུ་གནས་པའི་ཁེ་ལས་དེ་ན་ནིང་ཟླ་དྲུག་པར་ཐོན་སྐྱེད་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ད་ཆ་ལོའི་ཐོན་ནུས་ཅི་ཝ་30ཟིན་ནས་བཟོ་གྲྭ་རྐྱང་པའི་ཐོན་ནུས་རྒྱལ་ཡོངས་ཀྱི་ཨང་དང་པོ་ནས་གསུམ་པ་བར་སླེབས་ཡོད། “ཉིན་ལྟར་བཟོ་གྲྭ་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་མ་བཅོས་རྒྱུ་ཆ་དང་དངོས་ཟོག་ཏུན་460ཙམ་ཟིན་གྱི་ཡོད། འདི་ལོ་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་200ཙམ་ཟིན་ནས་ཐོན་སྐྱེད་འཁོར་སྐྱོད་རྒྱུན་གཏན་ལྟར་རེད”ཅེས་ཁེ་ལས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཆིས་བཤད།
     མིག་སྔར་མཚོ་སྔོན་ལ་རིམས་ནད་ཀྱི་རྡབ་རྡེག་གསར་པ་ཕོག་བཞིན་ཡོད་པ་དང་། ཉིན་རེར་ཡུལ་དེ་རང་གྱི་ནད་པ་700ལྷག་ཙམ་མང་དུ་འགྲོ་ཡི་ཡོད། མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་བློ་ཐག་ཆོད་པོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ཏེ་ཕན་འབྲས་ཆེ་བའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་། སྔོན་འགོག་དང་ཚོད་འཛིན་ཇུས་གཞི་དཔར་གཞི་དགུ་པ་དང་ལེགས་གཏོང་བྱ་ཐབས་ཉི་ཤུ་དོན་འཁྱོལ་བྱེད་པ། ཚན་རིག་དང་མཐུན་པའི་ངང་གནད་སྨིན་སྔོན་འགོག་དང་ཚོད་འཛིན་ལྷུ་ཚིགས་ཚང་མར་དོན་འཁྱོལ་ཏན་ཏིག་བཅས་བྱས་ནས་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་གང་ལེགས་བྱེད་པ་དང་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད་པ་རེད།
     གཙོ་གནད་ཁེ་ལས་ལ“གཅིག་གཏད་གཅིག”གི་འགན་ལེན་ཞབས་ཞུ་དོན་འཁྱོལ་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་བརྟན་པོ་ཡོང་བའི་འགན་ལེན་བྱས་ཤིང་། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་མཚོ་སྔོན་ཁུ་ཁུ་ཤིས་རི་བཟའ་བཅའ་ཚད་ཡོད་ཀུང་སིའི་ལས་བཟོ་མི་ཉུང་བ་ཞིག་བཟོ་ཁུལ་དུ་ལས་ཀ་བྱེད་པར་སྐྱོད་ཐུབ་ཀྱི་མེད། “བཟའ་བཅའི་ཀུང་སི་ནི་ངལ་རྩོལ་མང་འདུས་ཅན་གྱི་ཁེ་ལས་ཤིག་ཡིན་པས་མི་མེད་ན་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་འཁེལ་གྱི་ཡོད” ཁེ་ལས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་དབྱང་ཞུང་ཧྥེང་སེམས་ཁྲལ་ཆེན་པོ་བྱེད་སྐབས། ནན་ཁྲོན་བཟོ་ལས་གླིང་ཁུལ་གྱི་འགན་གཙང་འགན་ལེན་གྱི་ལས་བྱེད་པས་ཟི་ལིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཁེ་ལས་ལ་འབྲེལ་ཡོད་ངོ་སྤྲོད་ཡི་གེ་བྲིས་ཏེ་རླངས་འཁོར་ཆེ་གྲས་ཀྱིས་ལས་མི་བཟོ་གྲྭར་བསུ་རྒྱུའི་མཐུན་སྦྱོར་བྱས། “སྐྱེལ་བསུའི་བརྒྱུད་རིམ་ཧྲིལ་པོར་སྒོ་རྒྱག་དོ་དམ་བྱེད་པ་དང་། འགན་གཙང་འགན་ལེན་ལས་བྱེད་པས་ད་དུང་ས་ཁོངས་ནང་གི་སྒོ་རྩིས་ཚོང་ཁང་དང་འབྲེལ་གཏུག་བྱས་ཏེ་ང་ཚོར་འཚོ་བའི་དངོས་ཟོག་བསྐྱལ་ནས་ང་ཚོའི་སེམས་ཁྲལ་བསལ་སོང”ཞེས་བཤད།
     རིམས་ནད་ཐོན་པ་ནས་བཟུང་། མཚོ་སྔོན་གྱི་གྲོང་ཁྱེར་དང་ཀྲོའུ་ཁག་གིས་ཁེ་ལས་ལ་དྲོ་སྐྱིད་སྦྱིན་པ་དང་ཚོང་དོན་བརྟན་པོ་ཡོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་སྡེ་ཚན་དང་ས་ཁུལ་སྒྲོལ་བའི་མཉམ་འགུལ་མཐུན་སྦྱོར་བྱས་ཏེ་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ་དང་། བརྟག་ཞིབ་བཞུགས་མོལ་བྱེད་པ། འཁོར་སྐྱོད་བཀོད་གཏོང་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད“གཅིག་གཏད་གཅིག”གི་འགན་འཁྲི་གཙང་ལེན་ཞབས་ཞུ་སྤེལ་ནས་བཟོ་ལས་ཐོན་སྐྱེད་ཀྱི་ལྷུ་ཚིགས་ཧྲིལ་པོ་དང་བརྒྱུད་རིམ་ཧྲིལ་པོའི་ལྟ་ཞིབ་ཚད་ལེན་དབྱེ་ཞིབ་དང་མཐུན་སྦྱོར་ཞབས་ཞུ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཁེ་ལས་ལ་རོགས་རམ་ནུས་ལྡན་བྱས་ཡོད་པ་རེད།
     ཝང་ཆི་ཡིས“མིང་ཐོ་དཀར་པོའི”ལམ་ལུགས་བཟོས་ནས་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་ཤིང་། མཚོ་སྔོན་ཀའོ་ཅིང་ཉི་ནུས་ཚན་རྩལ་ཚད་ཡོད་ཀུང་སིའི་སྒོའི་ནང་ལྗིད་ཐེག་རླངས་འཁོར་རེ་རེ་བཞིན་འཛུལ་བ་དང་། “བཟོ་གྲྭར་འཛུལ་རྗེས་སྔོན་ལ་དུག་སེལ་བྱེད་པ་དང་། དངོས་ཟོག་ཕབ་རྗེས་འཕྲལ་མར་བཟོ་ཁུལ་ནས་བྲལ་བ། རླངས་འཁོར་གྱི་སྒེའུ་ཁུང་མི་ཕྱེ་བ་དང་མི་རླངས་འཁོར་ནས་མ་བབས་པས་བདེ་འཇགས་འགན་ལེན་གང་ལེགས་བྱུང་ཡོད། ང་ཚོ་ནི་ཟི་ལིང་འོད་ཤུགས་ཐོན་ལས་འཁོར་འབྲེལ་གྱི་གཙོ་གནད་ཁེ་ལས་ཤིག་ཡིན། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བས་སྔ་སྣུར་དུ་ཐོ་འགོད་བྱས་ཏེ་ཆུ་ཚོད་24ཡི་ཉིང་སྐྱུར་བྱས་འབྲས་དང་། བདེ་ཐང་བཤེར་རྟགས། འགྲོ་སྐྱོད་བཤེར་རྟགས་བཅས་ལ་ཞིབ་བཤེར་བྱས་རྗེས་བསྐྱོད་ཆོག་གི་ཡོད”ཅེས་བཤད་པ་རེད།
     དུས་ཚིགས་དང་པོ་ནས་གསུམ་པའི་བར་ཟི་ལིང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མས་ཞིང་ཆེན་ཡོངས་ཀྱི་བསྡུར་གྲངས་ཀྱི་བཅུ་ཆ་བཞི་ཙམ་བཟུང་ཡོད། ཟི་ལིང་གི་དཔལ་འབྱོར་བརྟན་པོ་བྱུང་ན་ཞིང་ཆེན་ཡོངས་བརྟན་པོ་ཡོང་རྒྱུ་རེད། ཟི་ལིང་གིས་ཕན་འབྲས་མཐོ་བའི་ངང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་གཙོ་གནད་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི“མིང་ཐོ་དཀར་པོའི”ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཁོར་འབྲེལ་གྱི་འགག་རྩའི་ལྷུ་ཚིགས་ཀྱི་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གནས་ཀྱིས་ཁྱོན་འཁྲིད་པའི་ཐོག་ནས་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་བཏང་ཡོད། མིག་སྔར་ཟི་ལིང་དུ“མིང་ཐོ་དཀར་པོའི”ནང་བདམས་པའི་ཁེ་ལས་94ཟིན་པ་དང་ལས་ཐོན་བསྐྱར་ཚུགས་བྱེད་ཚད་100%ཟིན་ཡོད་པ་རེད།
     ཟི་ལིང་གིས་ད་དུང“ཤར་བགྲོད་ཤར་གཏོང་འགན་ལེན་དང་སྐྱེལ་འདྲེན་འགན་ལེན་བྱེད་པའི”ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་ནས་རྒྱུ་ཆ་སྐྱེལ་འདྲེན་དང་ཟོག་འགྲེམས་སྡེབ་སྐྱེལ་ཁྲོད་ཀྱི་འགག་ས་བཤངས་ནས་རྒྱུ་ཆ་མཁོ་སྤྲོད་ཐུབ་པ་དང་ཐོན་རྫས་ཕྱིར་གཏོང་ཐུབ་པ་བྱས་ཡོད། ཆེད་དོན་ཚན་ཁག་གིས“གནས་གཉིས་དང་ཐིག་གཅིག”གི་རྩ་དོན་གཞིར་བཟུང་། ཁེ་ལས་ལ“གནས་དང་གནས”ཀྱི་དངོས་ཟོག་དབོར་འདྲེན་བྱེད་རོགས་བྱས་པ་དང་ཆབས་ཅིག་གཙོ་གནད་ལམ་དུམ་དང་འགྲོ་འོང་བྱེད་ས་གཙོ་བོར་རླངས་འཁོར་ལུས་པའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ་གལ་སྲིད་འགོག་རྐྱེན་བྱུང་ཚེ་མགྱོགས་མྱུར་མཐུན་སྦྱོར་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།
     གླིང་ཁུལ་གྱིས་རང་འགུལ་ངང་སྙིང་ཉེ་བའི་ཞབས་ཞུ་མཁོ་འདོན་བྱས་ཤིང་། ཟི་ལིང་གི་བཟོ་ལས་གླིང་ཁུལ་ཁག་གིས་ཁེ་ལས་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་མི་སྣ་མངགས་གཏོང་བྱས་ཏེ་ཁེ་ལས་ལ་ལས་བཟོར་དོ་དམ་དང་། སེམས་ཁམས་ཟུར་ཁྲིད། ཁོར་ཡུག་དུག་སེལ་སོགས་ཀྱི་ལས་དོན་སྤེལ་རྒྱུར་གཞོགས་འདེགས་བྱས་པ་དང་དུས་མཚུངས་ཁེ་ལས་ལ་དོ་དམ་རིམ་པ་ནས་འཁོར་ཁང་དང་། ཚོགས་པ། འཐབ་ཕྱོགས་དང་པོའི་ལས་བཟོའི་བར་གྱི་སྔོན་འགོག་དང་ཚོད་འཛིན་མ་ལག་འཛུགས་རོགས་བྱས་ནས་འགག་རྩའི་ལས་གནས་དང་འགག་རྩའི་ལས་རིམ་ལ་ལས་གནས་རེས་སྐོར་གྲ་སྒྲིག་གི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དེ་ལས་རིམ་དང་། ལས་གནས། ལྷུ་ཚིགས་བཅས་ཚང་མར་ཞིབ་ཕྲ་རུ་བཏང་བ་རེད།
     བྱ་ཐབས་ཁག་དོན་འཁྱོལ་བྱུང་བ་དང་བསྟུན་ནས་དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་14.7%འཕར་བ་དེ་ལོ་སྟོད་ལས་བརྒྱ་ཆའི་གྲངས་1.1འཕར་ཡོད་པ་རེད། དེའི་ནང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་120%འཕར་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་17.9%བཟུང་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་ཞིང་ཆེན་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་1.8%འཕར་བ་དང་འཕར་ཚད་ལོ་སྟོད་ལས་བརྒྱ་ཆའི་གྲངས་1.7འཕར་ཡོད་པ་རེད།