འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྒོར་ཁྲི་7000ཡི་ཁ་གསབ་སྤྲོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཏང་གི་ཚོགས་ཆེན་ཉི་ཤུ་པའི་ནང་གི་དགོས་མཁོ་རྒྱ་ཆེར་བཏང་ནས་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཚེས་28ཉིན《རང་སྐྱོང་ལྗོངས་ཀྱི“ཁེ་སྐྱོར་དམངས་ཕན•བོད་ལྗོངས་ཉོ་སྒྲུབ”ཀྱི་ཚོང་ཟོག་ཆེ་གྲས་ཀྱི་འཛད་སྤྱོད་ཟླ་བའི་བྱེད་སྒོའི་ཇུས་གཞི》(བསྡུས་མིང་ལ《ཇུས་གཞི》ཞེས་བརྗོད་རྒྱུ)དེ་ལག་བསྟར་བྱེད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་པ་རེད།《ཇུས་གཞིའི》ནང་བཏོན་དོན། དུས་འགོའི“ཁེ་སྐྱོར་དམངས་ཕན•བོད་ལྗོངས་ཉོ་སྒྲུབ”ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པའི་རྨང་གཞིའི་ཐོག རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ད་དུང་སྒོར་ཁྲི་7000བཀོད་སྒྲིག་བྱས་ནས་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་ཚོང་ཟོག་ཆེ་གྲས་ལ་དམིགས་ཏེ། ལོ་འདིའི་ནང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁ་ཕྱོགས་ནས“ཁེ་སྐྱོར་དམངས་ཕན•བོད་ལྗོངས་ཉོ་སྒྲུབ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཚོང་ཟོག་ཆེ་གྲས་ཀྱི་འཛད་སྤྱོད་ཟླ་བའི་བྱེད་སྒོ་མུ་མཐུད་སྤེལ་ཏེ། ཚོང་ཟོག་ཆེ་གྲས་ཀྱི་འཛད་སྤྱོད་སྔར་ལས་ཆེ་རུ་གཏོང་བ་དང་། ཁྲོམ་རའི་གསོན་ཤུགས་སློང་བ། འཛད་སྤྱོད་སླར་གསོ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྩིས་ཡོད་པ་རེད།
     《ཇུས་གཞིའི》ནང་། ལྗོངས་ཡོངས་ཀྱི་རིམ་ཁག་ཚོང་དོན་སྡེ་ཁག་གིས་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་ཚོང་ཟོག་ཆེ་གྲས་ལ་དམིགས་ནས། “ཁེ་སྐྱོར་དམངས་ཕན•བོད་ལྗོངས་ཉོ་སྒྲུབ”ཀྱི་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ལ་སྐྱེལ་བའི་བྱེད་སྒོ་མུ་མཐུད་སྤེལ་ཞིང་། དེའི་ནང་རླངས་འཁོར་གྲོང་གསེབ་ལ་སྐྱོད་པའི་ཁ་གསབ་མཐོ་ཤོས་སྒོར་40000དང་། ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ལ་སྐྱོད་པའི་ཁ་གསབ་མཐོ་ཤོས་སྒོར་1200རེད། ཞིང་འབྲོག་མང་ཚོགས་དང་། དཀའ་ངལ་ཡོད་པའི་མང་ཚོགས། རྒན་རྒོན་སོགས་འཛིན་ཤོག་སྤྱོད་དཀའ་བའི་མི་ཚོགས་ལ་ས་གནས་དང་གྲོང་ཁྱེར་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཤོག་བུའི་འཛིན་ཤོག་སྤྲོད་པའམ་ཡང་ན་ཁ་ཕྱོགས་གཏན་འཁེལ་གྱི་འཛིན་ཤོག་སྤྲོད་པའི་བྱ་ཐབས་བརྒྱུད་དེ་དག་གི་དགོས་མཁོ་སྐོང་དགོས་པ་ཁ་གསལ་བཏོན་ཡོད།
     《ཇུས་གཞིའི》ནང་ལྗོངས་ཡོངས་ཀྱི་སྤྱི་བདེ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་བྱེད་སྒོར་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གོ་སྐབས་དང་བསྟུན་ནས་རིན་གོང་སྤར་བ་དང་ཉོ་ཚོང་རྫུན་མ་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་ཞིབ་བཤེར་ཐག་གཅོད་བྱས་ནས། ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སྤྱི་བདེ་དང་འགྲིམ་འགྲུལ་སོགས་སྡེ་ཁག་གིས་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་ས་ཁོངས་བརྒལ་ནས་སྐྱེལ་འདྲེན་བྱ་རྒྱུ་ཤར་བགྲོད་ཐུབ་རྒྱུའི་འགན་ལེན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་བྱ་ཐབས་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བྱེད་སྒོའི་ནང་ཞུགས་མཁན་ཁྲོམ་རའི་བྱེད་པོས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་ཀ་དང་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ཚོང་སྒོ་ཕྱེ་ཐུབ་པ་བྱས་ནས་བདེ་འཇགས་དང་གུ་ཡངས་པའི་འཛད་སྤྱོད་ཁོར་ཡུག་ཅིག་གཏོད་དགོས།