འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སེ་ནེ་ཀལ་ལ་རོགས་སྐྱོར་དུ་བསྐྱོད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་རྒྱལ་ས་ཏ་ཁར་དུ་འོས་འགན་སྨོན་བཅོས་ཀྱི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་ཁར་ནས་གློག་འཕྲིན་འབྱོར་གསལ། སེ་ནེ་ཀལ་ལ་རོགས་སྐྱོར་དུ་བསྐྱོད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་19པས་ཚེས་26ཉིན་རྒྱལ་ས་ཏ་ཁར་གྲོང་ཁྱེར་གྱི་ལྟེ་བའི་མའེ་ཏི་ནཱ་ཁྲོམ་གཞུང་ཁུལ་དུ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ནས་དེ་གའི་དམངས་ཚོགས་དང་། ཕྱིར་སྡོད་རང་མི། ཕྱི་ཁོངས་ཀྲུང་གོ་བ་བཅས་ལ་ན་ཚ་བལྟས་ནས་སྨན་སྤྲད་པ་རེད།
     འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་དེ་མའེ་ཏི་ནཱའི་ཁྲོམ་གཞུང་སློབ་གྲྭ་ཞིག་ཏུ་བཀོད་སྒྲིག་བྱས་ཤིང་། ཁོག་ནད་དང་། ཕྱི་བཅོས། སྣ་རྣ་མིད་གསུམ། གསེར་ཁབ། བྱིས་ནད་སྡེ་ཁག་སོགས་ཆེད་ལས་7ཚུད་ཡོད། དང་བླངས་པའི་རོགས་རམ་ལ་བརྟེན་ནས་སྨན་བཅོས་རུ་ཁག་གི་རུ་མིས་རྒྱུན་མཐོང་ནད་དང་། ཐོན་སླ་བའི་ནད། གཅོང་ནད་བཅས་ཡོད་པའི་ནད་པར་ངང་རྒྱུད་རིང་པོས་སྨན་བཅོས་བྱས་ནས་ལུགས་མཐུན་གྱི་སྨན་བསྟེན་ཚུལ་ལ་མཛུབ་ཁྲིད་ཀྱང་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། འོས་འགན་སྨན་བཅོས་ཀྱི་ཉིན་དེར་སྨན་བཅོས་རུ་ཁག་གིས་མི་400ཙམ་ལ་ནད་བརྟག་དང་བློ་འདོན་གྱི་ཞབས་འདེགས་ཞུས་པ་མ་ཟད། བདེ་ཐང་སྐོར་གྱི་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་ཤོག་བྱང་400ལྷག་ཙམ་སྤྲད་ཅིང་། ད་དུང་སྨན་བཅོས་རུ་ཁག་གིས་ཀྲུང་གོ་ཕྱོགས་ཀྱི་ཚབ་ཞུས་ནས་མའེ་ཏི་ནཱ་ཁྲོམ་གཞུང་ཁུལ་གྱི་སྨན་ཁང་ལ་སྨན་ཞལ་འདེབས་ཀྱང་བརྒྱབ་པ་རེད།
     སེ་ནེ་ཀལ་ལ་རོགས་སྐྱོར་དུ་བསྐྱོད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་19པ་གཙོ་བོ་ཧྥུའུ་ཅན་ཞིང་ཆེན་ཉིང་ཏེ་གྲོང་ཁྱེར་གྱི་རུ་མི་14ལས་གྲུབ་པ་དང་། ན་ནིང་གི་ཟླ་བཅུ་པར་སེ་ནེ་ཀ་ལ་དུ་བསྐྱོད་པ་ནས་བཟུང་། རིམ་རྩིས་བྱས་ན། མི་ཐེངས་5000ལྷག་ཙམ་ལ་ནད་བརྟག་དང་མི་ཐེངས་2000ཙམ་ལ་གཤགས་བཅོས་བྱས་ཡོད་པ་རེད།