འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན། སི་རི་ལན་ཁའི་ཕྱི་འབྲེལ་པུའུ་ཀྲང་གི་གསུང་ནི“བུན་གྱི་རྒྱ་རྙི”ཟེར་བར་དགག་པ་ཚ་པོ་བརྒྱབ་པ་ཞིག་རེད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་སི་རི་ལན་ཁའི་ཕྱི་འབྲེལ་པུའུ་ཀྲང་ས་པུའུ་ལིས་ཀྲུང་གོ་དང་འབྲེལ་བའི་སྐོར་གྱི་གསུང་ལ་དམིགས་ཏེ། ཚེས་28ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་དེ་ནི་དུས་མཚམས་ཤིག་རིང་ཕྱི་ཕྱོགས་ཀྱིས་ཀྲུང་གོས་སི་རི་ལན་ཁར“བུན་གྱི་རྒྱ་རྙི”ཟེར་བ་བཙུགས་པའི་སྦིར་སྒྲ་བཟོ་བར་དགག་པ་ཚ་པོ་བརྒྱབ་པ་ཞིག་རེད་ཅེས་གསུངས་པ་རེད།
     ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྐབས་སུ་གསར་འགོད་པ་ཞིག་གིས་ཉིན་ཤས་གོང་སི་རི་ལན་ཁའི་ཕྱི་འབྲེལ་པུའུ་ཀྲང་ས་པུའུ་ལིས་ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁའི་རེ་ཞུ་ལ་བརྩི་འཇོག་ཞུས་ཤིང་སི་རི་ལན་ཁར་བཙན་ཤེད་ཀྱིས་དངུལ་བུན་གཏན་ནས་གཏོང་མྱོང་མེད། ཀྲུང་གོས་བྱེད་ཐབས་མི་འདྲ་བའི་སྒོ་ནས་སི་རི་ལན་ཁར་དངུལ་རྩའི་རྒྱབ་སྐྱོར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཤུགས་ཆེན་བྱས་ཡོད། “བུན་གྱི་རྒྱ་རྙི”ཟེར་བ་ནུབ་ཕྱོགས་ཀྱི་བརྗོད་ཚུལ་ཙམ་ཞིག་རེད། ཀྲུང་གོ་ནི་སྔ་བར་ཕྱི་གསུམ་དུ་སི་རི་ལན་ཁའི་འབྲེལ་བ་ཟབ་པའི་མཛའ་གྲོགས་ཡིན་པ་དང་། ད་ལོར་ཕྱོགས་གཉིས་པོས་ད་དུང《འབྲས་འགྱིག་གི་གྲོས་མཐུན》ལ་མིང་རྟགས་བཀོད་ནས་ལོ་70འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་ཡོད་ཅེས་བརྗོད་པར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
     “ཕྱི་འབྲེལ་པུའུ་ཀྲང་ས་པུའུ་ལིས་དེ་ལྟར་གསུངས་པར་ང་ཚོས་དགའ་བསུ་ཞུ་གི་ཡིན། དེ་ནི་དུས་མཚམས་ཤིག་རིང་ཕྱི་ཕྱོགས་ཀྱིས་ཀྲུང་གོས‘བུན་གྱི་རྒྱ་རྙི’ཟེར་བ་བཙུགས་པའི་སྦིར་སྒྲ་བཟོ་བར་དགག་པ་ཚ་པོ་བརྒྱབ་པ་ཞིག་རེད”ཅེས་ཀྲའོ་ལི་ཅན་གྱིས་གསུངས།
     ཀྲའོ་ལི་ཅན་གྱིས་ཀྲུང་གོས་སི་རི་ལན་ཁར་རོགས་སྐྱོར་བྱེད་སྐབས་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་ཟུར་དུ་སྣོན་མྱོང་མེད་ལ། སི་རི་ལན་ཁར་མ་དངུལ་འཇོག་པ་དང་མ་དངུལ་བསྡུ་སྒྲིལ་བྱེད་པར་ཆབ་སྲིད་ཀྱི་སྒེར་ཕན་ཡང་གཏན་ནས་གཉེར་མྱོང་མེད་ལུགས་ཡང་བསྐྱར་གསུངས་པ་མ་ཟད། མིག་སྔར་སི་རི་ལན་ཁར་ཕྲད་པའི་དཀའ་ངལ་དང་འགྲན་སློང་ཐད་ཀྲུང་གོ་ཕྱོགས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱིས་འབྲེལ་ཡོད་ཀྱི་དངུལ་རྩའི་སྒྲིག་གཞི་དང་སི་རི་ལན་ཁའི་ཕྱོགས་དབར་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་འོས་འཚམ་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་སུ་སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་རོགས་སྐྱོར་བྱེད་ལུགས་ཀྱང་གསུངས་པ་རེད།
     “ད་ལོ་ནི་ཀྲུང་གོ་དང་སི་རི་ལན་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བ་དང《འབྲས་འགྱིག་གི་གྲོས་མཐུན》ལ་མིང་རྟགས་བཀོད་ནས་ལོ་70འཁོར་བའི་ལོ་ཡིན་པས་སྔ་འཛིན་ཕྱི་གཏོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཀྲའོ་ལི་ཅན་གྱིས་གསུངས་པ་དང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཀྲུང་གོ་དང་སི་རི་ལན་ཁའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་སྔར་བས་མང་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།