འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱིས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་ལ་བྱ་དགའ་སྤྲོད་པའི་བྱ་ཐབས་ཕྱོགས་
ཡོངས་ནས་ཁྱབ་གདལ་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་ནོར་སྲིད་ཐིང་གིས་མཉམ་འབྲེལ་ཐོག《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་ལ་བྱ་དགའ་སྤྲོད་པའི་གནས་སྐབས་ལག་བསྟར་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས། ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པའི་བྱ་ཐབས་བརྒྱུད། སྤྱི་དམངས་དང་། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་ནང་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱེད་པར་སྐུལ་ལྕག་བྱས་ནས། སྤྱི་དམངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་སྔར་ལས་ལྷག་པ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་མཉམ་ཤུགས་ཤིག་ཆགས་པར་བྱ་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 《བྱ་ཐབས》དེར་ཁྱོན་དོན་ཚན་22ཡོད་པ་དེ་དག་གཙོ་བོ་གཏོགས་ཁོངས་དོ་དམ་དང་། མ་དངུལ་འགན་ལེན། བྱ་དགའི་ཁྱབ་ཁོངས་དང་དངུལ་གྲངས། ཐེར་འདོན་ཐབས་ལམ། བྱ་དགའ་སྤྲོད་པ། ལྟ་འདོམས་སོགས་ཀྱི་ནང་དོན་ལ་དམིགས་ནས་གཏན་འབེབས་ཞིབ་ཕྲ་བྱས་ཡོད་པ་རེད།
    དེའི་ནང་མང་ཚོགས་ཀྱི་ཐེར་འདོན་ཐབས་ལམ་ལ“12369”ཐེར་འདོན་ཁ་པར་དང་། ཡིག་འབུལ་ཞུ་བཅར། དྲ་སྦྲེལ་དང་སྐད་འཕྲིན་ལས་སྟེགས། དེ་བཞིན་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་ཐེར་འདོན་ཐབས་ལམ་གཞན་དག་སོགས་ཡོད་པ་གཏན་འབེབས་བྱས་ཡོད།
    སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱིས་ཐེར་འདོན་གོང་ཞུའི་ནང་དོན་དང་། ངོ་བོ། ཞིབ་བཤེར་ལ་གཞོགས་འདེགས་བྱེད་ཚད། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་བཅས་ཀྱི་གནོད་འཚེའི་གནས་ཚུལ་ལ་གཞིགས་པ་དང་། ཐེར་འདོན་གྱི་གནས་ཚུལ་དང་བྱ་དགའ་སྤྲོད་པའི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ། སྤྱིར་བཏང་གི་ཁྲིམས་འགལ་བྱེད་སྤྱོད་དང་། ཉེན་ཚབས་ཅུང་ལྕི་བ། ཉེན་ཚབས་ཧ་ཅང་ཆེ་བའི་ཁྲིམས་འགལ་བྱེད་སྤྱོད་བཅས་ལ་ཕྱེ་ནས། དོན་རེར་གྲོས་རེ་བྱེད་པའི་བྱ་ཐབས་སྤྱད་དེ། སྒོར་1000ནས་5000བར་དང་། སྒོར་5000ནས་10000བར། སྒོར་10000ནས་20000བར་བཅས་རིམ་པ་གསུམ་ལ་ཕྱེ་ནས་བྱ་དགའ་སྤྲོད་རྒྱུ་དང་། ཐེར་འདོན་སྙན་ཞུ་གལ་ཆེན་ལ་ཞིབ་འཇུག་བྱས་པ་བརྒྱུད་བྱ་དགའི་དངུལ་ལྡབ་གཅིག་སྤོར་རྒྱུ་རེད། དངོས་པོའི་བྱ་དགའ་སྤྲོད་པ་ཕུད་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་དང་། གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲོད་པ། གཟི་བརྗིད་མཚན་སྙན་སྤྲོད་པ་སོགས་ཀྱི་བསམ་པའི་བྱ་དགའ་སྤྲོད་སྟངས་ཀྱང་མང་དུ་བཏང་ཡོད།
     བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་འབྲེལ་ཡོད་འགན་འཁུར་བས《བྱ་ཐབས》བཏོན་པ་དེས་སྤྱི་དམངས་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་ལ་ཞུགས་པའི་ཧུར་བརྩོན་གྱི་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ལྟ་སྐུལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། གཞི་རིམ་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་གྱི་མི་འདང་བ་དང་ཁུག་ཆ་ཁ་གསབ་ནུས་ལྡན་བཅས་བྱས་ནས། “མཉམ་སྐྱོང་དང་། མཉམ་བཅོས། གཉིས་ཕན”བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྣམ་པ་བཟང་པོ་བསྐྲུན་རྒྱུ་རེད་ཅེས་བརྗོད་པ་རེད།
    《བྱ་ཐབས》དེར་དམིགས་ནས། བོད་དུ་དེ་གོང་གཞིས་རྩེ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་སོ་སོས་སྲིད་ཇུས་ཞིབ་ཕྲ་བཏོན་ཡོད། ཐེར་འདོན་བདག་སྤྲོད་དང་། གྱོད་ཐོ་བཀོད་ནས་ཞིབ་གཅོད། བྱ་དགའི་དངུལ་སྤྲོད་པ་སོགས་ཀྱི་ལས་རིམ་བརྒྱུད། མིག་སྔར་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་དང་བྱ་དགའ་སྤྲོད་པའི་གྱོད་གཞི་ཁག་གཅིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཡོད།