འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྲ་ཐཱན་ཉུང་འབུད་ཀྱི་ལག་རྩལ་འབྲོག་པའི་ཁྱིམ་དུ་ཁྱབ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་26ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    “ཀྲུང་གོ་ཞིང་ལས་སློབ་ཆེན་རྩྭ་ལས་སློབ་གླིང་གི་རིགས་གཅིག་མཁས་ཅན་དང་མཉམ་དུ་རྣམ་གྲངས་ནང་ཞུགས་རྫེས་ལོ་ལྟར་གཟན་རྩྭའི་གཏོང་སྒོ་སྒོར་ཁྲི་1.2གྲོན་ཆུང་ཐུབ་པ་དང་ཕྱུགས་རིགས་ཕན་འབྲས་ཆེ་བའི་སྒོ་ནས་གསོ་ཚགས་བྱས་པར་འབབ་འཕར་སྒོར་ཁྲི་1.4བྱུང་། དེའི་སྟེང་རྣམ་གྲངས་ཀྱི་སྐྱེ་ཁམས་བྱ་དགའི་ཁ་གསབ་ཀྱི་ལས་རྗེས་མ་དངུལ་བསྣན་ན་ལོ་ལྟར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཡོད། ཁྱིམ་མཚེས་ཚོས་ང་ཚོའི་ཁྱིམ་གྱི་རྩྭ་ཁ་ལེགས་པ་དང་ནོར་ལུག་ཤ་ཤེད་རྒྱས་པ་མཐོང་སྐབས། ང་ཚོའི་ས་ནས་ལག་རྩལ་སྦྱངས་ཏེ་རྣམ་གྲངས་ནང་ཞུགས་འདོད་ཆེན་པོ་བྱེད་ཀྱི་འདུག” ལོ་དེ་དག་རིང་གི་ཡོང་འབབ་རྩིས་རྒྱག་སྐབས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་ཐོ་ལི་གྲོང་རྡལ་བ་རྒ་གྲོང་ཚོའི་འབྲོག་པ་དབང་འདུས་འབྲུག་ཚེས་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད།
     དབང་འདུས་འབྲུག་ཚེས་བཤད་པའི་རྣམ་གྲངས་ནི་གོ་ལ་ཧྲིལ་པོའི་ཁོར་ཡུག་ཐེབས་རྩའི(GEF)རྒྱབ་སྐྱོར་དང་འཛམ་གླིང་དངུལ་ཁང་དང་ཞིང་ལས་དང་གྲོང་གསེབ་པུས་ཐུན་མོང་ཐོག་ལག་བསྟར་བྱས་པའི“གནམ་གཤིས་རིག་ལྡན་རྣམ་པའི་རྩྭ་ཐང་དོ་དམ”གྱི་རྣམ་གྲངས་ཡིན་ཞིང་། དེ་ནི་མིག་སྔར་རང་རྒྱལ་གྱི་རྩྭ་ཐང་ཁྱབ་ཁོངས་ཀྱི་རོགས་སྐྱོར་དངུལ་འབོར་མང་ཤོས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་ཤིག་རེད། རྣམ་གྲངས་དེས་དེ་སྔ་ཚན་ཞིབ་ཚན་པ་གཙོ་བོར་བྱེད་པའི་སྲོལ་རྒྱུན་གྱི་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་འབྲོག་པས་འདྲི་བ་འདོན་པ་དང་། རིགས་གཅིག་མཁས་ཅན་གྱིས་ཇུས་གཞི་འདོན་པ། འབྲོག་པས་ལག་ལེན་བསྟར་བ། རིགས་གཅིག་མཁས་ཅན་གྱིས་བསྐྱར་དུ་ཚོད་སྐོར་བྱེད་པ། ཚན་ཞིབ་སྒྲིག་གཞི་བསྐྱར་དུ་གསར་གཏོད། བཀོལ་སྤྱོད་སླར་ཡང་རིམ་སྤོར་བཅས་ཀྱི་ཚན་ཞིབ་སྒྲིག་འཛུགས་བྱེད་སྟངས་གསར་པ་སྤྱད་དེ་ཐོན་སློབ་ཞིབ་ཁྲིད་སྐུལ་བཅས་གཞི་གཅིག་ཏུ་སྦྲེལ་ནས་རྩྭ་ཐང་དེ་བས་མཛེས་སྡུག་ལྡན་པ་དང་འབྲོག་པར་ཡོང་འབབ་དེ་བས་མང་བ་ཡོང་བ་བྱེད་ཀྱི་ཡོད།
    རང་རྒྱལ་གྱི་རང་བྱུང་རྩྭ་ཐང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་40ཙམ་ཟིན་པ་དེ་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་སྐམ་སའི་སྐྱེ་ཁམས་མ་ལག་ཅིག་དང་རྩྭ་ཐང་འབྲོག་ལས་འཕེལ་རྒྱས་དང་འབྲོག་ཁུལ་དར་རྒྱས་ཀྱི་འགག་རྩ་ཞིག་ཡིན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་སོགས་ཐད་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་ཐོན་གྱི་ཡོད། དེ་དང་ཆབས་ཅིག་རྩྭ་ཐང་སྐྱེ་ཁམས་མ་ལག་གི་ཐཱན་མཛོད་ཀྱིས་རྒྱལ་ཡོངས་ཀྱི་རང་བྱུང་སྐྱེ་ཁམས་མ་ལག་གི་སྤྱིའི་ཐཱན་མཛོད་ཀྱི་31%བཟུང་བ་དང་རྩྭ་ཐང་སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནུས་པས“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་གྱི་ཡོད།
    ང་ཚོས་རྩྭ་ཐང་གི་སྲ་ཐཱན་ཉུང་འབུད་དང་། རྩྭ་ཐང་གི་ཐོན་སྐྱེད་ནུས་པ་ཆེར་གཏོང་། འབྲོག་པའི་འཚོ་བ་ལེགས་གཏོང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ནུས་ཆེར་གཏོང་བཅས་ཕྱོགས་4ལ་དམིགས་ནས་འཆར་འགོད་བྱས་ཡོད” ཞིང་ལས་དང་གྲོང་གསེབ་པུའི་སྐྱེ་ཁམས་སྤྱི་ཁྱབ་ས་ཚིགས་ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན་ཝང་ཆོན་ཧུའེ་ཡིས། རྣམ་གྲངས་ལག་བསྟར་བྱས་པ་དེས་རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་ཐུབ་པ་མ་ཟད། རྩྭ་ཐང་གི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་ཕྱིན་ནས་འབྲོག་ཁུལ་དར་རྒྱས་འགྲོ་བར་བསམ་ཕྱོགས་གསར་པ་ཞིག་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེའི་དམིགས་ཡུལ་གཙོ་བོ་ནི་མཐོ་གྲང་རྩྭ་ཐང་དུ་གནམ་གཤིས་རིག་ལྡན་རྣམ་པ་དང་འབྲོག་པ་ཐེ་ཞུགས་རྣམ་པའི་རྩྭ་ཐང་སྐྱེ་ཁམས་མ་ལག་དོ་དམ་གྱི་ལག་རྩལ་དཔེ་སྟོན་ཚོད་ལྟ་བྱེད་པ་དང་འབྲེལ་ལག་ལེན་དངོས་ཀྱི་ཐོག་ནས་སྐྱེ་ཁམས་ཁ་གསབ་སྲིད་ཇུས་ཚོད་ལྟ་དང་ཞིབ་འཇུག་བྱས་ཏེ་རྩྭ་ཐང་ཐོན་སྐྱེད་ནུས་ཤུགས་དང་རྩྭ་ཐང་འབྲོག་ལས་ཐོན་སྐྱེད་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་རེད། དེ་དང་ཆབས་ཅིག་རྩྭ་ཐང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་ནས་རྩྭ་ཐང་གི་སྲ་ཐཱན་ཉུང་འབུད་སོགས་སྐྱེ་ཁམས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ་མི་དང་། རྩྭ། ཕྱུགས་རིགས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་སོགས་རེད། རྣམ་གྲངས་དེ་རྒྱལ་ཁབ་ཀྱི་གཟན་རྩྭའི་ཐོན་ལས་ལག་རྩལ་མ་ལག་གི་དབུ་བཞུགས་ཚན་རིག་མཁས་ཅན་ཀྲུང་གོ་ཞིང་ལས་སློབ་ཆེན་རྩྭ་ལས་ཚན་རིག་དང་ལག་རྩལ་སློབ་གླིང་གི་ཡོན་ཀྲང་ཀྲང་དབྱིན་ཅུན་གྱིས་དབུ་བཞུགས་ཚན་རིག་མཁས་ཅན་གྱི་འགན་འཁུར་བ་དང་། ཁོང་གིས་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱི་སྣེ་ཁྲིད་དེ་འབྲོག་པའི་ཐོན་སྐྱེད་ཀྱི་དོན་དངོས་ནས་འགོ་བཙུགས་ཏེ་ལག་རྩལ་དང་བྱ་ཐབས་ཞིབ་བཟོ་བྱས་ནས་དཔྱིད་དུས་རྩྭ་ར་བསྙལ་བ་དང་། རྨོ་འདེབས་མི་བྱེད་པར་གསབ་འདེབས་བྱེད་པ། ལྕགས་ར་བསྐོར་ནས་རྩྭ་འདེབས་དང་སྐྱོན་བྲལ་གསོ་ཚགས་བྱེད་པ་སོགས་ཀྱི་རྣམ་གྲངས་བྱེད་སྒོ་བཏོན་པ་རེད།
    “རྨོ་འདེབས་མི་བྱེད་པར་གསབ་འདེབས་བྱ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ནས་ང་ཚོས་མཚོ་བོད་ས་མཐོའི་རྩྭ་སོན་འདེམས་ཀྱི་ཡོད། དཔྱིད་དུས་ས་རྒྱུའི་འཁྱགས་པ་བཞུར་རྗེས་ཞན་འགྱུར་རྩྭ་ཐང་ཐོག་སོན་འདེབས་འཕྲུལ་འཁོར་བཏང་ནས་གསར་སྦོལ་དང་། ལུད་རྒྱག་པ། སོན་འདེབས། བཅག་བཅག་སོགས་ཀྱི་མཉམ་འབྲེལ་ལས་སྒྲུབ་བྱེད་སྟངས་ལེགས་བཅོས་བྱས་ནས་རྩྭ་ཐང་གི་གདོད་མའི་སྔོ་ཁེབས་ལ་གཏོར་སྐྱོན་ཕོག་ཚད་ཆུང་དུ་གཏོང་གང་ཐུབ་བྱས་པས། ཕྱུགས་རྩྭ་ཐོན་ཚད་དང་ས་རྒྱུའི་སྲ་ཐཱན་ནུས་པ་ཆེ་རུ་ཕྱིན་ཡོད” ཀྲང་དབྱིན་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་གཙོ་བོ་འབྲོག་དུད་ཀྱིས་ལག་བསྟར་བྱེད་པ་དང་དུས་མཚུངས་རྩྭ་ཐང་གི་ཐོན་སྐྱེད་ནུས་ཤུགས་དང་། སྐྱེ་དངོས་སྣ་མང་རང་བཞིན། སྲ་ཐཱན་ཉུང་འབུད། ཁོར་ཡུག་ཚོད་སྐོར། འབྲོག་པའི་འབབ་འཕར་སོགས་ཕྱོགས་མང་པོའི་ཐད་ནས་ལག་བསྟར་བྱས་འབྲས་ལ་ཕྱོགས་བསྡུས་ཚོད་སྐོར་བྱས་ཏེ་གྲུབ་འབྲས་ལ་གཞིགས་ནས་སླར་ཡང་ཉེར་སྤྱོད་ལག་རྩལ་ལེགས་སུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་དོན་དངོས་ལ་དམིགས་ཏེ་ལག་རྩལ་མཁོ་སྤྲོད་ཀྱི་གནད་སྨིན་རང་བཞིན་དང་ནུས་ལྡན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡོད་པ་རེད།
    ལག་རྩལ་འགན་འཁུར་བ་ཀྲུང་གོ་ཞིང་ལས་སློབ་ཆེན་རྩྭ་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧོང་ཏིང་གིས་བརྟག་ཞིབ་དང་ལག་རྩལ་ཇུས་གཞི་བཀོད་ནས་ལག་བསྟར་སྒྲིག་འཛུགས་བྱས་པའི་བར་ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ཡན་གྱི་མཚོ་བོད་ས་མཐོར་ལས་ཀ་ལོ་5ཏག་ཏག་བྱས་ཡོད། “ང་ཚོས་ཁང་པའི་ནང་གི་ཚོད་འཛིན་ཚོད་ལྟ་དང་ཕྱི་རོལ་གྱི་ཁུལ་ཆུང་ཚོད་ལྟའི་ཞིབ་འཇུག་འབྲས་བུ་དེ་སྟབས་བདེའི་སྤྱོད་གོ་ཆོད་པའི་ལག་རྩལ་ཞིག་ཏུ་འགྱུར་བ་བྱས་ནས་རྩྭ་ཐང་ནས་ཐོབ་པའི་ཚན་ཞིབ་གྲུབ་འབྲས་འབྲོག་པར་བཞག་པས་འབྲོག་པས་ཚན་རྩལ་ལས་བྱུང་བའི་ཕན་པ་དངོས་ཚོར་ཐུབ་པ་མ་ཟད། འབྲོག་པའི་སྐྱེ་ཁམས་སྲུང་སྐྱོང་གི་རང་རྟོགས་རང་བཞིན་ཡང་ཆེ་རུ་ཕྱིན་ཡོད”ཅེས་བཤད་པ་རེད།
    ཐོ་ལི་གྲོང་རྡལ་བ་རྒ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀུའོ་ཡུང་ཀོང་གིས། 2020ལོ་ནས་བཟུང་། བ་རྒ་གྲོང་ཚོའི་དུད་ཚང་35ཡི་འབྲོག་པས་རང་འགུལ་ངང་ལས་དོན་དེར་ཞུགས་པ་དང་། ལོ་གསུམ་རིང་གི་ལག་རྩལ་བཀོལ་སྤྱོད་བྱས་པ་བརྒྱུད་ཆ་སྙོམས་དུད་ཚང་རེར་ལོ་རེར་གཟན་རྩྭ་ཏུན་6གྲོན་ཆུང་ཐུབ་སྟེ་རྩྭ་ཐང་ཐོན་སྐྱེད་ནུས་པ་ཆེ་རུ་ཕྱིན་ནས་སྒོ་ཕྱུགས་དགུན་སྒྲོལ་ཐུབ་རྒྱུར་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།