འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྐོག་རྔན་བྱེ་བ་5བླངས་པས་ལོ་14ཡི་དུས་བཙོན་ཕོག་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་25ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྐོག་རྔན་བྱེ་བ་5བླངས་པས་ལོ་14ཡི་དུས་བཙོན་ཕོག་པ།
  མི་དམངས་དྲ་བའི་འཕྲིན།  2022ལོའི་ཟླ་11ཚེས་24ཉིན། ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དེ་སྔའི་ཀྲུང་དབྱང་ཆོས་ལོག་གནད་དོན་འགོག་ཟོན་དང་ཐག་གཅོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཕེང་པོ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཡོངས་བསྒྲགས་སུ་བཅད་ཁྲ་བཏང་། ཞུ་སྦྱོར་ཕྱི་མ་ཕེང་པོ་ལ་ལྐོག་རྔན་ལེན་པའི་ཉེས་མིང་ཐོག་ལོ་14དུས་བཙོན་དང་འབྲེལ་སྒོར་ཁྲི་500ཡི་དངུལ་ཆད་བཏང་བ་དང་། ཕེང་པོ་ཡིས་ལྐོག་ཟ་ལྐོག་ངན་བླངས་པའི་རྒྱུ་དངོས་དང་སྐྱེད་འཕེལ་བདའ་འདེད་བྱས་ནས་རྒྱལ་མཛོད་ལ་འབུལ་རྒྱུ་བྱས །ཕེང་པོ་ཡིས་ཁྲིམས་སར་ཁྲིམས་ཁང་གི་དཔྱད་མཚམས་དང་ལེན་གྱིས་གོང་གཏུག་བྱ་རྒྱུ་མིན་ཚུལ་བསྟན།
   འདྲི་ཞིབ་རྩད་ཆོད་མཐའ་གསལ་བྱུང་དོན་ལྟར་ན། 2006ལོ་ནས་2018ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཕེང་པོས་ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་གི་དྲ་རྒྱའི་གསར་འགྱུར་དྲིལ་བསྒྲགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། དྲ་རྒྱའི་གསར་འགྱུར་མཐུན་སྦྱོར་ཅུས་ཀྱི་ཅུས་ཀྲང་། དྲ་རྒྱའི་གསར་འགྱུར་འཕྲལ་སྡོམ་ལས་དོན་ཅུས་ཀྱི་ཅུས་ཀྲང་། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་ཆོས་ལོག་གནད་དོན་འགོག་ཟོན་དང་ཐག་གཅོད་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་སོགས་གོ་གནས་ཐོག་གི་སྟབས་བདེ་སྤྱད་པ་དང་། དེ་བཞིན་འགན་དབང་ངམ་ཡང་ན་གོ་གནས་ལས་གྲུབ་པའི་སྟབས་བདེ་སྤྱད་དེ། མི་གཞན་ལ་གཏུག་བཤེར་འདུམ་འགྲིག་ལ་སྐུལ་འདེད་དང་། དྲ་རྒྱའི་ལས་སྒོ་རྒྱ་སྐྱེད། དྲ་རྒྱའི་ཆ་འཕྲིན་དོ་དམ། སྒྲིག་འགལ་ངང་ས་ཆ་ནང་བཤུག་གཏོང་བའི་འགྲོ་ལུགས་གཉེར་བ་སོགས་ཀྱི་ཐད་གཞན་ལ་ཁེ་ཕན་དོན་གཉེར་བྱས་ནས། རང་ཉིད་དངོས་སམ་གཉེན་ཉེ་བརྒྱུད་དེ་ཁྲིམས་འགལ་ངང་གཞན་གྱི་རྒྱུ་ནོར་འབོར་ཆེན་བླངས་པ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་5464ལྷག་ཙམ་ཟིན་ཡོད་པ་རེད།
    ཝུའུ་ཞི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་བ་ཕེང་པོ་ནི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཞིག་ཡིན་པའི་ངོས་ནས་གོ་གནས་ཐོག་གི་སྟབས་སྤྱད་ནས་མི་གཞན་ལ་ཁེ་ཕན་གཉེར་རོགས་བྱས་ཤིང་། འགན་དབང་ངམ་ཡང་ན་གོ་གནས་ལས་གྲུབ་པའི་སྟབས་བདེ་སྤྱད་དེ་རྒྱལ་ཁབ་གཞན་དག་གི་ལས་དོན་མི་སྣའི་གོ་གནས་ལ་བརྟེན་ནས་མི་གཞན་ལ་ཚུལ་མིན་གྱི་ཁེ་ཕན་སྒྲུབ་པ་དང་ཁྲིམས་འགལ་གྱིས་མི་གཞན་གྱི་རྒྱུ་ནོར་བླངས་པའི་བྱ་སྤྱོད་ལས་ལྐོག་རྔན་ལེན་པའི་བྱས་ཉེས་བསགས་ཡོད། ཕེང་པོ་ཡིས་ལྐོག་ཟ་ལྐོག་ངན་བླངས་པའི་དངུལ་གྲངས་ཧ་ཅང་མང་ནའང་། ཁོས་རང་འགུལ་ངང་གྱོད་སྒྲུབ་ལས་ཁུངས་ལ་ལྐོག་ཟ་ལྐོག་ངན་བླངས་པའི་ཉེས་གསོག་དོན་དངོས་མང་ཆེ་བ་ངོས་ལེན་ཞུས་པ་དང་། ལྐོག་ཟ་ལྐོག་ངན་བླངས་པའི་དོན་དངོས་གཞན་དག་ཇི་མ་ཇི་བཞིན་ངོས་ལེན་དང་གཞོགས་འདེགས་ཧུར་ཐག་བྱས་པར་བརྟེན་གྱོད་གཞི་དེ་དང་འབྲེལ་བའི་བཙོག་དངུལ་བཙོག་དངོས་དང་སྐྱེད་འཕེལ་ཚང་མ་བདའ་འདེད་གཏོང་ཐུབ་པ་བྱུང་བས། ཁྲིམས་ལྟར་དེར་ཁྲིམས་ཆད་ཡང་པོ་བཅད་དེ་ཁྲིམས་ཁང་གིས་གོང་གི་དཔྱད་མཚམས་བཏང་བ་རེད།