འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་སྐབས་འགྱུར་ལྡོག་གསར་པ་འདི་དག་ལ་དོ་སྣང་བྱོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་24ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། ས་གནས་ཁག་གིས་2023ལོའི་མཐོ་རྒྱུགས་མིང་ཐོ་འགོད་པའི་ལས་དོན་སྔ་རྗེས་སུ་སྤེལ་འགོ་ཚུགས་པ་རེད། ས་གནས་ཁག་ཏུ་སྲིད་ཇུས་དང་བྱེད་ཐབས་གང་དག་ཡོད་པ་དང་མིང་ཐོ་འགོད་སྐབས་དོ་སྣང་བྱེད་དགོས་པ་གང་དག་ཡོད་པའི་སྐོར་ལ་མཉམ་དུ་ཤེས་རྟོགས་བྱེད། 
   ས་གནས་ཁག་གིས་2023ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་ལས་དོན་རིམ་བཞིན་སྤེལ་འགོ་ཚུགས། 
   ས་གནས་མང་པོ་ཞིག་གིས་ཡོངས་བསྒྲགས་བྱས་པའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་བརྒྱུད་རིམ་ནང་མིང་ཐོ་འགོད་པའི་ཐོབ་ཐང་གི་ཐོག་མའི་ཞིབ་བཤེར་དང་། དྲ་ཐོག་སྙན་འབུལ། ཡུལ་དངོས་ནས་གཏན་འཁེལ། དྲ་ཐོག་ནས་དངུལ་སྤྲོད་པ་སོགས་ཀྱི་ནང་དོན་ཚུད་ཡོད། རྒྱུགས་སྤྲོད་སློབ་མས་དེ་མཚུངས་ཀྱི་རྒྱུགས་རིགས་ཏེ། དཔེར་ན། སྤྱིར་བཏང་རིགས་དང་། སྒྱུ་རྩལ་རིགས། ལུས་རྩལ་རིགས། ཁེར་རྐྱང་རྒྱུགས་སྤྲོད་དང་ཁེ་རྐྱང་བསྡུ་བ་སོགས་འདེམས་དགོས་པ་མ་ཟད། གཏན་འཁེལ་གྱི་དུས་ཚོད་ནང་མིང་ཐོ་འགོད་དགོས་ཀྱི་ཡོད། 
   མཐོ་རྒྱུགས་གསར་པ་ལག་བསྟར་བྱེད་མཁན་ཞིང་ཆེན་གྱི་རྒྱུགས་སྤྲོད་སློབ་མས་ད་དུང་མིང་ཐོ་འགོད་སྐབས་རྒྱུགས་སྤྲོད་རིག་ཚན་གཏན་འཁེལ་བྱེད་དགོས། 
   ■སྒྱུ་རྩལ་རིགས་དང་ལུས་རྩལ་རིགས་ཀྱི་རྒྱུགས་སྤྲོད་སློབ་མས་ཕྱིས་འབྱུང་དང་བླངས་རེའུ་མིག་འབྲི་དུས་སྤྱིར་བཏང་རིགས་ཀྱི་ཆེད་ལས་བདམས་ཆོག
   ■སྤྱིར་བཏང་རིགས་བདམས་པའི་རྒྱུགས་སྤྲོད་སློབ་མས་དང་བླངས་རེའུ་མིག་འབྲི་དུས་སྒྱུ་རྩལ་རིགས་སམ་ལུས་རྩལ་རིགས་ཀྱི་ཆེད་ལས་བདམས་མི་ཆོག
   ■རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་དེ་2023ལོའི་ཟླ་9ཚེས་30ཉིན་གྱི་གོང་ལ་ཡོལ་མི་ཆོག
   དམིགས་བསལ་རིགས་ཀྱི་སློབ་བསྡུའི་ཐད་འགྱུར་ལྡོག་གསར་པ་བྱུང་བ།
    ཉིན་ཤས་གོང་། སློབ་གསོ་པུས་2023ལོའི་མཐོ་སློབ་དཀྱུས་མའི་དམིགས་བསལ་རིགས་ཀྱི་སློབ་བསྡུའི་ལས་དོན་ལ་ཆེད་མངགས་བཀོད་སྒྲིག་བྱས་ཡོད་པ་རེད། 
   ■ཆུ་ཚད་མཐོ་བའི་སྒྱུ་རྩལ་ཚོགས་པས་མཐའ་མའི་ལོ་གཅིག་ནང་སློབ་བསྡུའི་བརྒྱུད་རིམ་ཁྲོད་ནས་འདེམས་སྒྲུག་བྱ་རྒྱུ།
    གཏན་འབེབས་ལྟར་ན། 2024ལོ་ནས་བཟུང་། མཐོ་སློབ་ཀྱི་ཆུ་ཚད་མཐོ་བའི་སྒྱུ་རྩལ་ཚོགས་པས་མཐོ་སློབ་སློབ་བསྡུའི་བརྒྱུད་རིམ་ཁྲོད་ནས་འདེམས་སྒྲུག་བྱ་རྒྱུ་མིན་པར། སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་ཁྲོད་ནས་འདེམས་སྒྲུག་གསོ་སྦྱོང་བྱ་རྒྱུ་ཡིན།
    ■2024ལོར་སླེབས་སྐབས། སྒྱུ་རྩལ་རིགས་ཀྱི་ཆེད་ལས་ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་ལེན་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་ཡོད། 
    སློབ་གསོ་པུའི་བླང་བྱ་ལྟར། 2023ལོར་སྒྱུ་རྩལ་རིགས་ཀྱི་སློབ་གྲྭའི་ཡིག་རྒྱུགས་ཆེད་ལས་ཀྱི་ཁྱབ་ཁོངས་སྔར་བས་ཉུང་དུ་གཏོང་རྒྱུ་རེད། 2024ལོར་སླེབས་སྐབས། སྒྱུ་རྩལ་རིགས་ཀྱི་ཆེད་ལས་ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་ལེན་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་མ་ཟད། རིག་གནས་སློབ་ཚན་གྱི་སྦྱངས་འབྲས་ཐད་ཀྱི་སློབ་བསྡུའི་བླང་བྱའང་རིམ་བཞིན་མཐོ་རུ་གཏོང་རྒྱུ་རེད། 
    ■2024ལོ་ནས་བཟུང་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་གི་མིང་ཐོ་འགོད་པ་དང་སློབ་བསྡུའི་ཚད་གཞི་མཐོ་རུ་གཏོང་རྒྱུ། 
    ■2023ལོར་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་གིས་སློབ་མ་བསྡུ་བ་དང་མཆོང་རྒྱུག་འཕེན་གསུམ་དང་བྱེ་ཐང་ཕའེ་ཆིའུ་སྤོ་ལོའི་སློབ་ཁུལ་རྒྱུགས་སྤྲོད་མེད་པར་བཟོས་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་ནང་བཅུག་པའི་རྣམ་གྲངས་11བར་མང་དུ་གཏོང་རྒྱུ་ཡིན་པ་རེད། 2024ལོ་ནས་བཟུང་། རྣམ་གྲངས་ཚང་མར་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་ལག་ལེན་བསྟར་རྒྱུ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་གཅིག་གྱུར་གྱི་སྒྲིག་སྲོལ་དང་གཅིག་གྱུར་གྱི་སྐར་གྲངས་དཔྱད་བསྡུར་ཚད་གཞི་བཟོ་རྒྱུ་རེད། 
    ■ཐོ་འགོད་ཀྱི་ཐོབ་ཐང་དེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ལུས་རྩལ་པ་དང་དེ་བཞིན་དེ་ཡན་གྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལུས་རྩལ་པ་དང་དེ་ཡན་བར་མཐོ་རུ་གཏོང་རྒྱུ། 
    ■རིམ་པ་དང་པོའི་ལུས་རྩལ་པ་སོགས་རྩ་འཛུགས་ཀྱི་ལུས་རྩལ་ལ་ཕྱོགས་པའི་སློབ་མ་ཁེར་རྐྱང་དུ་བསྡུ་བའི་རིག་ཚན་ཡིག་རྒྱུགས་མེད་པ་བཟོས་ནས་ཚང་མར་མཐོ་རྒྱུགས་ཀྱི་སྦྱངས་འབྲས་གཅིག་གྱུར་ཐོག་སྤྱོད་རྒྱུ།
    ■“འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་སྐྱོང་གི་མཐོ་སློབ”ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་ལ་རྒྱུགས་སྤྲོད་པའི་རྒྱུགས་སྤྲོད་སློབ་མར་མཚོན་ན། མཐོ་རྒྱུགས་ཀྱི་སྐར་གྲངས་དེ་སློབ་ཁུངས་ཞིང་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞིར་སླེབས་པ་བྱེད་དགོས།
    ■མཐོ་སློབ་གཞན་དག་ལ་ཐོ་འགོད་བྱེད་སྐབས་སློབ་བསྡུའི་སྐར་གྲངས་དམའ་ཤོས་དེའང་སློབ་ཁུངས་ཞིང་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཀྱི་ཚད་གཞིའི་80%ཟིན་པ་བྱེད་དགོས། 
    2024ལོ་ནས་བཟུང་། མཐོ་སློབ་དེ་གསུམ་ཁོ་ནར་དབྱིན་ཡིག་ཆེད་ལས་ཀྱི་འོས་སྐྱེལ་སློབ་མ་བསྡུས་ཆོག
    2024ལོ་ནས་བཟུང་། པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་དང་། ཧྲང་ཧའེ་ཕྱི་རྒྱལ་སྐད་ཡིག་སློབ་ཆེན། ཕྱི་འབྲེལ་སློབ་གླིང་བཅས་གསུམ་གྱིས་མུ་མཐུད་གྲངས་ཚད་ངེས་ཅན་གྱི་ཕྱི་རྒྱལ་སྐད་ཡིག་སློབ་འབྲིང་གི་འོས་སྦྱོར་འོས་སྐྱེལ་སློབ་མ་དབྱིན་ཡིག་དང་འབྲེལ་བའི་ཆེད་ལས་སུ་བཀོད་སྒྲིག་བྱེད་དགོས་པ་དང་། མཐོ་སློབ་གཞན་དག་གིས་བསྡུས་པའི་ཕྱི་རྒྱལ་སྐད་ཡིག་སློབ་འབྲིང་གི་འོས་སྦྱོར་འོས་སྐྱེལ་སློབ་མ་ཚང་མ་དབྱིན་ཡིག་ཕུད་པའི་སྐད་ཡིག་ཆུང་གྲས་ཀྱི་འབྲེལ་ཡོད་ཆེད་ལས་སུ་བཀོད་སྒྲིག་བྱེད་དགོས།