འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱིས་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་སྲིད་འཛིན་ཁྲིམས་འཛིན་གྱི་འབྲེལ་མཐུད་ལམ་སྲོལ་མཉམ་དུ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་24ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་འབྲེལ་ཐོག《ཤེས་བྱའི་བདག་དབང་ལ་མཉམ་དུ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཏོན་པ་དེའི་དམིགས་ཡུལ་ནི་ཤེས་བྱའི་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་དང་ཁྲིམས་འཛིན་སྲུང་སྐྱོང་གི་ཐོན་ཁུངས་བསྡུ་སྒྲིལ་དང་། ཤེས་བྱའི་བདག་དབང་གི་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ཤེས་བྱའི་བདག་དབང་ལ་མཉམ་དུ་སྲུང་སྐྱོང་བྱེད་པའི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཤེས་བྱའི་བདག་དབང་ལ་བཙན་གནོད་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་མཉམ་ཤུགས་ཤིག་ཆགས་པར་བྱ་རྒྱུ་དེ་རེད།
    《བསམ་འཆར》ནང་གཏན་འབེབས་བྱས་དོན། རིམ་ཁག་ཞིབ་དཔྱོད་ལས་ཁུངས་དང་ཤེས་བྱའི་བདག་དབང་དོ་དམ་སྡེ་ཚན་དབར་ཁུངས་སྣེ་བརྡ་ཁྱབ་དང་། ཆ་འཕྲིན་མཉམ་སྤྱོད། ཆ་འཕྲིན་ཡོངས་བསྒྲགས་སོགས་ཀྱི་ལམ་སྲོལ་ལག་ལེན་བསྟར་དགོས། རིམ་ཁག་ཤེས་བྱའི་བདག་དབང་དོ་དམ་སྡེ་ཚན་གྱིས་སྤྱི་བདེ་ལས་ཁུངས་ལ་ཉེས་གསོག་དོགས་ཡོད་གྱོད་གཞི་རྩིས་སྤྲོད་དགོས་པ་དང་དུས་མཚུངས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་ཞིབ་དཔྱོད་ཁང་ལ་འདྲ་བཤུས་རྩིས་སྤྲོད་དགོས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཐོ་འགོད་མི་བྱེད་པའི་གཏན་འབེབས་ལ་བསམ་འཆར་མི་མཐུན་པ་ཡོད་ཚེ་མི་དམངས་ཞིབ་དཔྱོད་ཁང་ལ་ཁྲིམས་ལྟར་ཉེས་དོན་ཐོ་འགོད་ལྟ་སྐུལ་བྱ་རྒྱུའི་གྲོས་འགོ་འདོན་ཆོག་པ་མ་ཟད། མི་དམངས་ཞིབ་དཔྱོད་ཁང་གིས་དུས་ཐོག་ཏུ་ཞིབ་བཤེར་བྱེད་པ་དང་འབྲེལ་གྱོད་གཞི་ཐག་གཅོད་བྱས་ཚུལ་ཚུར་ལན་ཡང་སྤྲོད་དགོས།
   《བསམ་འཆར》ནང་གསལ་པོ་འཁོད་དོན། ཕྱོགས་གཉིས་པོས་གྱོད་གཞི་ཆེ་གྲས་སྒྲུབ་སྐུལ་གྱི་ལམ་སྲོལ་བཙུགས་ནས་མཉམ་འབྲེལ་ཐོག་བྱང་བུ་བཀལ་སྟེ་སྒྲུབ་སྐུལ་བྱས་ཐོག་འགག་རྩའི་ཁྱབ་ཁོངས་དང་གཙོ་གནད་ཚོགས་སྤྱིའི་ཁྲོད་དབང་ཆར་བཙན་གནོད་དང་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ཆོག ཕྱོགས་གཉིས་པོས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་ཁོངས་ཀྱི་ཤེས་བྱའི་བདག་དབང་གི་ཁྲིམས་འགལ་ཉེས་གསོག་དང་། དཀའ་གནད་ཀྱི་གྱོད་གཞི། བཅའ་ཁྲིམས་སྤྱོད་འཐུས། ལམ་སྲོལ་འཛུགས་པ། ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་ཀྱི་གནད་དོན་ལ་དམིགས་ཏེ་འོས་འཚམ་ངང་མཉམ་འབྲེལ་བརྟག་ཞིབ་བྱེད་དགོས།
   《བསམ་འཆར》ནང་བླང་བྱ་བཏོན་དོན། ཁེ་ལས་ཀྱི་ཤེས་བྱའི་བདག་དབང་གི་སྒྲིག་སྲོལ་དང་མཐུན་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གྱོད་འབྲེལ་ཁེ་ལས་ཀྱི་སྒྲིག་སྲོལ་དང་མཐུན་པའི་ཕྱོགས་གསུམ་པའི་ལམ་སྲོལ་དོ་དམ་ཨུ་ལྷན་གྱི་འགོ་ཁྲིད་འོག ཕྱོགས་གཉིས་པོས་ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་ལུགས་མཐུན་ལས་དོན་ཐད་འབྲེལ་གཏུག་དང་སྤེལ་རེས་ལ་རང་འགུལ་ངང་ཤུཌ་སྣོན་རྒྱག་པ་དང་། ཤེས་བྱའི་བདག་དབང་དང་འབྲེལ་བའི་གྱོད་གཞིར་ཁེ་ལས་ཀྱི་གསར་གཏོད་བརྒྱུད་རིམ་ཁྲོད་ཀྱི་ནོར་འཛོལ་རུང་བའི་ལམ་སྲོལ་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ། གྱོད་འབྲེལ་ཁེ་ལས་ཀྱིས་སྒྲིག་སྲོལ་དང་མཐུན་པའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་སྐྱོན་ཆ་སེལ་རྒྱུར་ལྟ་སྐུལ་བཅས་བྱེད་དགོས།
    མིག་སྔར་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཤེས་བྱའི་བདག་དབང་ཞིབ་དཔྱོད་གཞུང་དོན་ཁང་བཙུགས་ཡོད།