འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཝེ་ཧྥེང་ཧོ་དང་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་གཉིས་གྲོས་མོལ་གནང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་23ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཝེ་ཧྥེང་ཧོ་དང་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་གཉིས་གྲོས་མོལ་གནང་།
   མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་22ཉིན། ཁམ་ཕུ་ཁྲེའི་སྐབས་དགུ་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་སྲུང་པུའུ་ཀྲང་གི་རྒྱ་ཆེའི་ཚོགས་འདུར་ཞུགས་མཁན་རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཝེ་ཧྥེང་ཧོ་ཡིས་ཁ་ཆད་ལྟར་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཨའོ་སི་ཏིང་དང་གྲོས་མོལ་གནང་བ་རེད།
   ཝེ་ཧྥེང་ཧོ་ཡིས་དང་ཐོག་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་། ཁོང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པེ་ཏེན་གཉིས་གྲོས་མོལ་གནང་ནས་ངོས་འཛིན་གཅིག་མཐུན་གལ་ཆེན་རབ་དང་རིམ་པ་གྲུབ་སྟེ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། མིག་སྔར། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གནད་དོན་གྱི་འགན་ཚང་མ་ཨ་རི་ཕྱོགས་ལ་ཡོད་པ་ལས་ཀྲུང་གོ་ཕྱོགས་ལ་མེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དམག་དཔུང་གི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཨ་རི་ཕྱོགས་ཀྱིས་ངེས་པར་དུ་ཀྲུང་གོ་ཕྱོགས་ཀྱི་སྲོག་ཤིང་གི་ཁེ་ཕན་ལ་བརྩི་འཇོག་བྱེད་དགོས། ཨ་རི་ཕྱོགས་ཀྱིས་ཁ་དན་ཚིག་གནས་དང་དམ་ཚིག་གཙང་སྲུང་གིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ངོས་འཛིན་གཅིག་མཐུན་དོན་ཐོག་ཏུ་འཁྱོལ་བ་དང་རིག་པ་དྭངས་གསལ་གྱི་སྲིད་ཇུས་སྤྱད་དེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ལམ་བུའི་ཐོག་བསྐྱར་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།
   ཝེ་ཧྥེང་ཧོ་ཡིས་ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་སྲོག་ཤིང་ཁེ་ཕན་ཁྲོད་ཀྱི་སྲོག་ཤིང་ཡིན་ལ། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཐད་ཀྱི་བརྒལ་ཐབས་མེད་པའི་དམར་ཐིག་དང་པོ་དེའང་ཡིན། ཐའེ་ཝན་ནི་ཀྲུང་གོའི་ཐའེ་ཝན་ཡིན། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཀྲུང་གོ་བ་རང་ཉིད་ཀྱི་དོན་དག་ཡིན་གཤིས། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་ཞིག་གིས་ཐེ་ཇུས་བྱེད་དབང་མེད། ཀྲུང་གོའི་དམག་དཔུང་ལ་སྤོབས་པ་དང་སྙིང་སྟོབས་ཡོད་ལ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་ཡིད་ཆེས་དང་ནུས་པའང་ཡོད་ཅེས་ནན་བཤད་བྱས།
   གྲོས་མོལ་གནང་རིང་ཕྱོགས་གཉིས་པོས་ང་ཚོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་གྲུབ་པའི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ། ཕན་ཚུན་སྤེལ་རེས་བྱ་རྒྱུ་རྒྱུན་འཁྱོངས་དང་ཉེན་ཁ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ཧུར་ཐག་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
   ཕྱོགས་གཉིས་པོས་ད་དུང་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་དང་། ཡུག་རེན་གྱི་ཉམས་ཉེན། ལྷོ་མཚོ་དང་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་སོགས་ཀྱི་ཐད་ལ་བསམ་འཆར་བརྗེ་རེས་གནང་བ་རེད།