འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགོ་ཚུགས་མཛད་སྒོའི་ཐོག་ལུས་སྟོད་ལས་མེད་པའི་ཕོ་གསར་དེ་སུ་ཡིན་ནམ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་22ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འགོ་ཚུགས་མཛད་སྒོའི་ཐོག་ལུས་སྟོད་ལས་མེད་པའི་ཕོ་གསར་དེ་སུ་ཡིན་ནམ།
   མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། 2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོའི་ཐོག“ལུས་སྟོད་ལས་མེད་པའི་ཕོ་གསར”དེས་ལག་པར་བརྟེན་ནས་སྐྱོད་པ་དང་། ཨ་རིའི་འཁྲབ་སྟོན་པ་གྲགས་ཅན་མའོ་ཀེན་ཧྥེ་རེ་མན་དང་ཞི་ལྷོད་ངང་ཁ་བརྡ་བྱས་ཤིང་། འགྲན་རར་ཡོད་པའི་མི་ཚང་མས་དགའ་འབོད་བྱས་པ་དང་མང་པོ་ཞིག་ཧང་སངས་པ་རེད།
   འོ་ན། ཁོ་སུ་ཡིན་ནམ།
“ལུས་སྟོད་ལས་མེད་པའི་ཕོ་གསར”དེའི་མིང་ལ་ཅཱ་ཉེམ་ཨར་མུའུ་ཧྥུའུ་ཐཱ་ཟེར་བ་དང་། ཁོ་ནི་ཁ་ཐར་འཛམ་གླིང་བུམ་པའི་གཟུགས་བརྙན་ཕོ་ཉའི་གྲས་ཤིག་ཡིན། ད་ལོ་ལོ་20ཡིན་ལ་མིག་སྔར་སློབ་ཆེན་སློབ་མ་ཞིག་ཡིན། ཁོའི་དམིགས་ཡུལ་ནི་ཕྱི་འབྲེལ་དཔོན་ཞིག་ཏུ་འགྱུར་རྒྱུ་དེ་རེད།
   2002ལོའི་ཟླ་5ཚེས་5ཉིན། མུའུ་ཧྥུའུ་ཐཱ་ཁ་ཐར་ཏུ་སྐྱེས་པ་དང་ཧ་ཅང་མཐོང་བ་དཀོན་པའི་གཞུག་གུ་ཞན་འགྱུར་རྟགས་འདུས(CDS)ནད་ཕོག་ཅིང་། ནད་པ་སྐྱེ་བའི་སྐབས་ནས་ལུས་སྨད་མེད་པར་འགྱུར་ངེས། ཡིན་ནའང་། མུའུ་ཧྥུའུ་ཐཱས་ལས་དབང་ལ་མགོ་མ་བསྒུར།
   ཁོས་རང་ཉིད་ལ་ཡོད་པ་དག་བེད་སྤྱོད་པ་ལས་རང་ཉིད་ལ་མེད་པ་དག་སེམས་ཁྲལ་བྱ་མི་རུང་འདོད་པ་རེད། ཕ་མ་གཉིས་ཀྱི་རོགས་རམ་ལ་བརྟེན། ཁོ་ལག་པ་གཉིས་ལ་བརྟེན་ནས་འགྲོ་བསྐྱོད་ཐུབ་པར་གྱུར་བ་དང་། དགའ་དགའ་སྤྲོ་སྤྲོའི་ངང་ལུས་རྩལ་རྣམ་གྲངས་ཚང་མ་ལ་ཞུགས་པ་སྟེ། རྐང་རྩེད་སྤོ་ལོའི་ར་བ་དང་། ཆུ་རྐྱལ་རྫིང་བུ། ཤུད་པང་ར་བ་སོགས་ལུས་རྩལ་བྱེད་ས་ཀུན་ཏུ་ཁོའི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅིང་། ཐ་ན་མཐར་སོན་ལུས་རྩལ་ལའང་དགའ་ཞེན་ཡོད་པར་གྱུར།
   དྲ་ཐོག་ཏུ་མུའུ་ཧྥུའུ་ཐཱ་ལ་དགའ་མོས་བྱེད་མཁན་ས་ཡ་གསུམ་ལྷག་ཡོད་ཅིང་། ལུས་པོར་སྐྱོན་ཡོད་རུང་ཁོས་“མགོ་བོ་ནམ་ཡང་སྒུར་མ་མྱོང་” ཁོས་ནམ་ཡང་ཀུན་ལ་འཛུམ་མདངས་སྟོན་པ་དང་། རྒྱུན་དུ་རང་ཉིད་ཀྱིས་ཆུ་རྐྱལ་བའི་པར་ཀྱང་དྲ་ཐོག་ཏུ་སྤེལ་བཞིན་ཡོད། འདི་འདྲའི་ཡར་བརྩོན་གྱི་འཚོ་བའི་རྣམ་འགྱུར་གྱིས་ཁོ་ལ་ཁ་ཐར་དང་ཐ་ན་གོ་ལ་ཧྲིལ་པོའི་མི་ཁྲི་ཕྲག་མང་པོའི་བརྩི་བཀུར་དང་དགའ་མོས་ཐོབ་ཡོད། 
   དཀའ་ངལ་ལ་ཐད་ཀར་གདོང་གཏུག་བྱེད་པའི་སྤོབས་པ་ཡིས་མུའུ་ཧྥུའུ་ཐཱ་ཁ་ཐར་འཛམ་གླིང་བུམ་པའི་གཟུགས་བརྙན་ཕོ་ཉར་གྱུར་བར་བཅུག ཁོས་རང་གི་ལུས་པོར་བརྟེན་ནས་སྤོ་ལོ་བརྒྱབ་པ་རེད། ཁོས་རྐང་རྩེད་སྤོ་ལོ་ནི་མཐུན་སྒྲིལ་གྱི་ལུས་རྩལ་ཞིག་ཡིན་ཞིང་འཛམ་གླིང་ལ་ཞི་བདེ་སྐྲུན་ཐུབ་པས། རང་ཉིད་ནི་རྐང་རྩེད་སྤོ་ལོར་དགའ་ཞེན་ཆེན་པོ་ཡོད་ཅེས་བཤད།
   མིག་སྔར་མུའུ་ཧྥུའུ་ཐཱའི་སློབ་ཆེན་གྱི་གཙོ་སྦྱོང་ཆེད་ལས་ནི་ཆབ་སྲིད་རིག་པ་ཡིན་ཞིང་། མ་འོངས་པར་ཕྱི་འབྲེལ་དཔོན་ཞིག་ཏུ་འགྱུར་བར་རེ་བ་བྱས་ཡོད། ཁོ་དང་ཁྱིམ་མི་ཚོས་ད་དུང་དགེ་སྒྲུབ་མཐུན་ཚོགས་ཤིག་བཙུགས་ནས་མི་མང་པོ་ལ་རོགས་རམ་བྱེད་བཞིན་ཡོད།
   མུའུ་ཧྥུའུ་ཐཱ་ཡིས་འཛམ་གླིང་ཀུན་ལ་དབང་པོ་སྐྱོན་ཅན་ཡིན་རུང་ལས་དབང་ལ་མགོ་སྒུར་མི་རུང་བ་ར་སྤྲོད་བྱེད་འདོད་པས། “མི་ཚང་མར་དཔའ་ངར་ཆེན་པོའི་སྒོ་ནས་ཕུགས་འདུན་དོན་གཉེར་བྱེད་པའི་དབང་ཆ་ཡོད”ཟེར།
   མ་འོངས་པར། ཁོས་མུ་མཐུད་དུ་སྔར་བྱས་མ་མྱོང་བའི་བྱ་བ་སྒྲུབ་རྒྱུ་དང་། བློ་གཅིག་སེམས་གཅིག་གིས་གཞན་ཕན་གྱི་ལས་འགན་སྒྲུབ་རྒྱུའི་སེམས་ཐག་བཅད་ཡོད། ཅཱ་ཉེམ་ཨར་མུའུ་ཧྥུའུ་ཐཱ་ཟེར་བའི་མིང་འདི་ཨ་རབ་ཀྱི་སྐད་ལ“རྒྱལ་ཁ་ཐོབ་མཁན”ཞེས་པའི་དོན་རེད།
   དེ་ནི་ངོ་མ་མིང་དོན་མཚུངས་པ་ཞིག་སྟེ། ལས་དབང་ལ་མགོ་མ་སྒུར་ན་རྒྱལ་ཁབ་ཐོབ་མཁན་ངོ་མ་དེ་རེད།
༄༅།།འགོ་ཚུགས་མཛད་སྒོའི་ཐོག་ལུས་སྟོད་ལས་མེད་པའི་ཕོ་གསར་དེ་སུ་ཡིན་ནམ།