༄༅།།ཀུའུ་ཐེ་ལེ་སིས་ཕན་ཚུན་སྐྱོན་བརྗོད་བྱེད་མཚམས་འཇོག་དགོས་པའི་སྐུལ་ལྕག་བྱས།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 11ཚེས་18ཉིན། 15:45】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་17ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་རྒྱལ་ཁབ་ཁག་གིས་གནམ་གཤིས་ཀྱི་གྲོས་དོན་ཐོག“བྱ་སྤྱོད་སྤེལ་དགོས”པ་ལས“ཕན་ཚུན་སྐྱོན་འཛུགས”ཁོ་ན་བྱེད་མི་རུང་ཞེས་རེ་འབོད་གནང་བ་རེད།
ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱི་ཧོ་རུ་གཉེར་བཞིན་པའི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བདུན་པ་ཚེས་18ཉིན་གྲོལ་རྒྱུ་རེད། ཚེས་17ཉིན་ཀུའུ་ཐེ་ལེ་སིས་ཧྲ་མུའུ་ཧྲ་དབྱི་ཧོ་རུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་བཤད་དོན། COP27མཇུག་འགྲིལ་གྲབས་ཡོད། “ད་ཆ་ཕན་ཚུན་སྐྱོན་འཛུགས་བྱེད་པའི་དུས་མིན་པར། འགན་འཁྲི་གཡོལ་ཐབས་བྱས་ན་རྩ་མེད་དུ་འགྲོ་རྒྱུ་རེད”ཅེས་ཁོང་གིས་ཕྱོགས་ཁག་གིས་འགག་རྩའི་ཁྱབ་ཁོངས་གསུམ་ལ་བྱ་སྤྱོད་སྤེལ་དགོས་པ་སྟེ། གྱོང་གུན་དང་གནོད་འཚེ་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་། བཙོག་འབུད་ཀྱི་ཧེ་བག་ཆུང་དུ་གཏོང་བ། མ་དངུལ་བསྡུ་སྒྲིལ་གྱི་ཁས་ལེན་མངོན་འགྱུར་བཅས་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
ཀུའུ་ཐེ་ལེ་སིས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཨ་སྒོར་དུང་ཕྱུར་1000མཁོ་འདོན་བྱ་རྒྱུའི་ཁས་ལེན་ལག་བསྟར་བྱེད་དགོས་པ་མ་ཟད། ལག་ལེན་བསྟར་ཐུབ་ངེས་ཀྱི་མ་དངུལ་ལྡབ་འཕར་ལ་འཚམ་པའི་ལམ་རིས་ཀྱང་འདོན་དགོས་ཞེས་བསྐྱར་བསྒྲགས་གནང་བ་རེད། ཁོང་གིས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ངེས་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་བྱས་ནས། དེ་དག་གིས་བསྐྱར་སྐྱེས་ནུས་རྒྱུའི་གསར་སྤེལ་བྱེད་རྒྱུར་རམ་འདེགས་བྱེད་པ་དང་འབྲེལ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ཀུའུ་ཐེ་ལེ་སིས་ཕྱོགས་ཁག་ནས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ཚོགས་འདུ་མཇུག་མ་འགྲིལ་གོང་ཐུན་མོང་གི་ངོས་འཛིན་ཆགས་རྒྱུའི་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
