འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་ལྷོར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཙུགས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་17ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀན་ལྷོར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཙུགས།
     ཟླ་11ཚེས་16ཉིན། ཀན་ལྷོ་ཁུལ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་གཞུང་ལས་ཁང་དང་ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་གཙོས་གྲོང་ཁྱེར་དུ་སྤེལ་བ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲེང་ཧུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་གཉིས་མཛད་སྒོར་ཞུགས་པ་མ་ཟད། “ལྟེ་གནས་གཉིས”ཀྱི་སྒོ་བྱང་སྟེང་གི་ཡོལ་ཁེབས་ཕྱེ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧུའུ་ཞའོ་ཧྭ་ཡིས་ཤིས་ཚིག་གསུངས་པ་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའི་པུའུ་ཀྲང་མཱ་ཡུས་ཀྱིས་མཛད་སྒོར་གཙོ་སྐྱོང་གནང་བ་རེད། 
     ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་ལུའི་ཀྲེ་ཅོན་གྱིས《ཞིང་ཆེན་སྒྲིག་ཁོངས་གཞུང་སྒྲུབ་ཁང་གི་ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་ཀན་ལྷོ་ཁུལ་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་གཞུང་སྒྲུབ་ཁང་འཛུགས་པའི་སྐོར་གྱི་མཆན་འགོད་བཀའ་ལན》སྒྲོག་འདོན་བྱས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ལེའང་ཝུའེ་ཅི་དང་། ཀན་ལྷོ་ཁུལ་གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཞུའེ་ཧྥུང་། ཁུལ་དཔོན་གཞོན་པ་ཝང་ཧྥང་། ཀན་ལྷོ་ཁུལ་གྱི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཧྲི་ཀྲུང་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀུའོ་ལུའུ་བཅས་མཛད་སྒོར་ཞུགས་པ་རེད། 
     ཧུའུ་ཞའོ་ཧྭ་ཡིས། ཀན་ལྷོ་ཁུལ་གྱི་ཚན་ཁག་ཆེན་མོ་བཞི་ཡི་ཚབ་ཞུས་ནས་ཀན་ལྷོ་ཁུལ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་གཞུང་ལས་ཁང་དང་ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཙུགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་ཀན་ལྷོ་ཁུལ་གྱི་རིམ་པ་སོ་སོའི་དྲིལ་བསྒྲགས་སྡེ་ཁག་གིས་ལས་འགོ་རྩོམ་ས་གསར་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་བློ་དྲིལ་བསྒྲགས་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་དང་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ། གསར་གཏོད་ལས་སྐྲུན་གྱི་ལས་ཀའི་རྣམ་པ་རྒྱུན་འཁྱོངས་བཅས་ཀྱིས་རིན་ཐང་ཆེ་བའི་ལེ་ཚན་གསར་པ་མང་པོ་བཟོས་པ་བརྒྱུད། ཀན་ལྷོའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་དུས་རབས་གསར་པའི་ཀན་ལྷོའི་སྣང་བརྙན་ལེགས་པར་མངོན་ཅི་ཐུབ་བྱ་དགོས། ཁུལ་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་དོན་དངོས་ལ་གཞི་ཚུགས་ནས་མ་དངུལ་དང་། རྣམ་གྲངས། མི་ཤུགས། ལག་རྩལ་སོགས་ཀྱི་ཐད་ནས་དངོས་གཉེར་ནུས་ལྡན་གྱི་བྱ་ཐབས་རབ་དང་རིམ་པ་བཏོན་ནས་ནུས་ཤུགས་ཡོད་རྒུས“ལྟེ་གནས་གཉིས”འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། “ལྟེ་གནས་གཉིས”དེ་མི་རིགས་ཀྱི་ཁྱད་ཆོས་དང་། ས་ཁོངས་ཀྱི་ཁྱད་ཆོས། ཀན་ལྷོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་གཙོ་རྒྱུན་གླེང་ཕྱོགས་གཡུལ་ས་དང་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཤིག་ཏུ་ཧུར་ཐག་བསྐྲུན་དགོས་ཞེས་བསྟན།
     མཱ་ཡུས་ཀྱིས། “ལྟེ་གནས་གཉིས”དེ་གཙོ་རྒྱུན་བསམ་བློ་བརྒྱུད་བསྒྲགས་དང་། དཔལ་ཡོན་ལག་ལེན་ལ་ཁྲིད་སྟོན། ཕྱོགས་བསྡུས་ཞབས་ཞུ་མཁོ་འདོན་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་བསྐྲུན་ནས། “གནོད་མེད་ལྔའི་ཀན་ལྷོ”དང་“བཅུ་ཡོད་གཞིས་ཁྱིམ” ཧུར་ཐག་བཏོད་དེ་མཚོ་བོད་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་ཆེད། སྟོབས་དང་ལྡན་པའི་བསམ་བློའི་རྨང་གཞི་དང་། གླེང་ཕྱོགས་ཀྱི་རྒྱབ་སྐྱོར། བསམ་བློའི་སྟོབས་ཤུགས་བཅས་མཁོ་འདོན་བྱེད་དགོས་ཞེས་བསྟན།
     ཚོགས་ཞུགས་མི་སྣས་ད་དུང་ཁུལ་གྱི་སྨྱན་སྦྱོར་ལྟེ་གནས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་སྦྱོང་བྱས་པ་རེད།
༄༅།།ཀན་ལྷོར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཙུགས།