འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོའི་འོས་མི་གཉིས་མཉམ་འབྲེལ་རྒྱལ་ཚོཊ་ཀྱི་ཁྲིམས་དཔོན་ལ་བསྐོས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་16ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་15ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་77པའི་ཚང་འཛོམས་གྲོས་ཚོགས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོང་གཏུག་ཁྲིམས་ར་དང་རྩོད་གཞིའི་ཁྲིམས་རའི་ཁྲིམས་དཔོན་འདེམས་བསྐོ་བྱས་མཐར། ཀྲུང་གོ་ཕྱོགས་ཀྱི་འོས་མི་གཉིས་རྒྱལ་ཁའི་ངང་བདམས་ཐོན་བྱུང་བ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ནང་ཁུལ་གྱི་ཁྲིམས་འཛིན་ལས་འཛིན་ལྷན་ཚོགས་ཀྱིས་འོས་སྦྱོར་བྱས་པ་བརྒྱུད། ཀྲུང་གོའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཀའོ་ཞའོ་ལི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོང་གཏུག་ཁྲིམས་རའི་ཁྲིམས་དཔོན་ལ་བདམས་ཐོན་བྱུང་བ་དང་། འགན་འཁུར་ཡུན་ནི་2022ལོའི་ཟླ་11ཚེས་15ཉིན་ནས་2026ལོའི་ཟླ་6ཚེས་30ཉིན་བར་ཡིན་པ་དང་། ཀྲུང་གོའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་སུན་ཞང་ཀྲོང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩོད་གཞིའི་ཁྲིམས་རའི་ཁྲིམས་དཔོན་ལ་བདམས་ཐོན་བྱུང་བ་དང་། འགན་འཁུར་ཡུན་ནི་2023ལོའི་ཟླ་7ཚེས་1ཉིན་ནས་2030ལོའི་ཟླ་6ཚེས་30ཉིན་བར་ཡིན་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩོད་གཞིའི་ཁྲིམས་ར་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང་62/282ལ་གཞིགས་ནས་2009ལོར་བཙུགས་པ་དང་། ཁྱོན་ཁྲིམས་དཔོན་9ཡོད་ལ་དེ་དག་གིས་ཉིའུ་ཡོག་དང་། ཇེ་ནེ་ཝ། ནེ་རོ་པི་བཅས་སོ་སོར་ལས་དོན་སྤེལ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོང་གཏུག་ཁྲིམས་རས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང་62/282པ་གཞིར་བཟུང་། 2009ལོར་བཙུགས་པ་དང་ཁྱོན་བསྡོམས་ཁྲིམས་དཔོན་7ཡོད་པ་ཚང་མས་ཉིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་གཞུང་དོན་སྒྲུབ་ཀྱི་ཡོད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩོད་གཞིའི་ཁྲིམས་ར་དང་གོང་གཏུག་ཁྲིམས་ར་ནི་མཉམ་འབྲེལ་རྒྱལ་ཚོགས་ནང་ཁུལ་གྱི་ཁྲིམས་འཛིན་མ་ལག་གི་སྒྲིག་གཞི་གལ་ཆེན་ཞིག་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་དེ་ཁྲིམས་སྐྱོང་རྨང་གཞིའི་ཐོག་ནུས་ལྡན་ངང་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོང་གཏུག་ཁྲིམས་ར་དང་རྩོད་གཞིའི་ཁྲིམས་ར་བཙུགས་པ་ནས་བཟུང་། འདི་ནི་ཀྲུང་གོ་ནས་ཡོང་བའི་འོས་མི་ཁྲིམས་ཁང་གཉིས་ཀྱི་ཁྲིམས་དཔོན་ལ་བདམས་ཐོན་བྱུང་བ་ཐེངས་དང་པོ་ཡིན་པ་རེད།