༄༅།།“རྭ་ཅོ་དྲུག་ལྡན་གྱི་ཁུང་འབྲུག་”དང་“ཆུའི་ནང་གི་འགྱུར་རྡོ་གསོན་པོ་”རྩད་ཆོད།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 11ཚེས་14ཉིན། 14:45】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། ཀོང་ཀྲོའུ་འགག་སྒོ་ལས་ཁུངས་ཀྱིས་ཀོང་ཀྲོའུ་པའེ་ཡུན་གནམ་ཐང་གི་མཁའ་འགྲུལ་འགག་སྒོའི་ཟོག་འདྲེན་ཐབས་ལམ་ནས་སྒྲིག་སྲོལ་ལས་འགལ་ཏེ་ཕྱིར་གཏོང་བྱས་པའི་སྟོངས་ལ་ཉེ་བའི་ཆུའི་ནང་གི་སྲོག་ཆགས་ཁག་གཅིག་རྩད་ཆོད་པའི་ནང་། མོ་ཞི་ཁོའི་ཆུ་འབུ་ཁ་རྟུལ་9དང་ཉ་མཆུ་སྙུང་10ཚུད་ཡོད་པ་རེད། མིག་སྔར་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
མོ་ཞི་ཁོའི་ཆུ་འབུ་ཁ་རྟུལ་ནི་མགོ་ཆེ་ཞིང་ཁ་ཞེང་ཆེ་བ། མགོ་ལེབ་ལེབ་ཀྱི་གཞོགས་གཉིས་སུ་སྒྲོ་དབྱིབས་ཕྱིའི་མུར་ལྕིབས་དྲུག་ཡོད་པས། ཕར་བལྟས་ན་འབྲུག་གི་རྭ་དང་ཅུང་འདྲ་བས། ངག་རྒྱུན་དུ་“རྭ་ཅོ་དྲུག་ལྡན་གྱི་ཁུང་འབྲུག”ཅེས་འབོད། ཉ་མཆུ་སྙུང་ནི་ད་ཡོད་ཉ་རིགས་ནང་གི་ཆེས་གདོད་མའི་གྲས་ཤིག་ཡིན་ལ།“ཆུའི་ནང་གི་འགྱུར་རྡོ་གསོན་པོ་”ཞེས་ཀྱང་ཟེར། མོ་ཞི་ཁོའི་ཆུ་འབུ་ཁ་རྟུལ་དང་སྙུང་དབྱིབས་ཚན་པའི་རིགས་ཚང་མ་《སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས》ནང་བཅུག་ནས་སྲུང་སྐྱོང་བྱས་ཡོད།
འགག་སྒོ་ལས་ཁུངས་ཀྱིས་དྲན་སྐུལ་བྱས་དོན། རང་རྒྱལ་ནི《སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས》(XTES)འཇོག་མཁན་རྒྱལ་ཁབ་ཅིག་ཡིན་པ་དང་། སྤྱི་ཆིངས་དེའི་ནང་བཀོད་པའི་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དེའི་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་ལ་དོ་དམ་བྱ་རྒྱུ་དང་། ཁྲིམས་དང་མི་མཐུན་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་དོ་དམ་སྡེ་ཁག་གིས་ཞིབ་དཔྱད་བྱས་ནས་སྤྲད་པའི་ཕྱིར་གཏོང་ནང་འདྲེན་བྱས་ཆོག་པའི་ངོ་སྤྲོད་ཡི་གེ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་རག་མེད་པའི་ཚན་པ་དང་མི་སྒེར་གང་རུང་ཞིག་གིས་ཟོག་འདྲེན་དང་། སྦྲག་སྐྱེལ། མྱུར་སྐྱེལ། འགྲུལ་པས་འཁྱེར་བ་སོགས་ཀྱི་བྱ་ཐབས་བརྒྱུད། སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དེ་བཞིན་དེའི་བཟོས་རྫས་ཕྱིར་གཏོང་ནང་འདྲེན་བྱས་མི་ཆོག་ཅིང་། ཁྲིམས་འགལ་གྱི་གནས་ཚུལ་ཚབས་ཆེ་བའི་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པ་རེད།
