འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་འདི་རིགས་ཀྱིས་དགེ་རྒན་བྱས་མི་ཆོག་པ་རེད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་14ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་11པའི་ཚེས་11ཉིན།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སློབ་གསོ་པུའུ་དང་མཉམ་དུ《ལས་གཉེར་བྱས་མི་ཆོག་པའི་ལམ་ལུགས་དོན་འཁྱོལ་བྱེད་པའི་སྐོར་གྱི་བསམ་འཆར》(གཤམ་ལ《བསམ་འཆར》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཡོད་ཅིང་། 《བསམ་འཆར》དེ་ཟླ་11པའི་ཚེས་15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
   《བསམ་འཆར》ནང་ན་སོ་དར་ལ་མ་བབས་པའི་མིར་ཕན་པ་ཆེ་ཤོས་ཀྱི་རྩ་དོན་ལ་གཞིགས་ནས། ཉེས་གསོག་མི་སྣས་ལས་གཉེར་བྱས་མི་ཆོག་པའི་ལམ་ལུགས་ཁྲིམས་ལྟར་ལག་ལེན་ནན་པོ་བསྟར་ནས། ཁྲིམས་འཛིན་གི་སྲུང་སྐྱོང་དང་སློབ་གྲྭ་ཡི་སྲུང་སྐྱོང་། སྤྱི་ཚོགས་ཀྱི་སྲུང་སྐྱོང་བཅས་སྦྲེལ་མཐུད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་གཏན་འབེབས་བྱས་ཡོད། དེའི་དམིགས་ཡུལ་ནི་སློབ་གྲྭའི་ཁོར་ཡུག་ལེགས་སུ་གཏོང་བ་དང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་བྱེད་ཕྱིར་དེ་རེད།
   《བསམ་འཆར》ནང་དགེ་རྒན་དང་ལས་བཟོ་ཞེས་པ་ནི་སློབ་གྲྭ་དང་བུ་གསོ་ཁང་སོགས་སློབ་གསོའི་སྒྲིག་གཞིའི་ནང་ལས་ཀ་བྱེད་མཁན་དགེ་རྒན་དང་། སློབ་གསོ་དང་སློབ་ཁྲིད་ཀྱི་གཞོགས་འདེགས་མི་སྣ། སྲིད་འཛིན་མི་སྣ། ལས་ཀ་རྩག་རྩིག་བྱེད་མཁན། བདེ་སྲུང་མི་སྣ་བཅས་དང་དེ་བཞིན་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་འབྲེལ་ཡོད་ལས་དོན་མི་སྣར་ཟེར།
   《བསམ་འཆར》དེར་ཁྱོན་དོན་ཚན་10ཡོད་ཅིང་། ནང་དོན་གཙོ་བོ་གཤམ་གསལ།
   གཅིག་ནི་ཁྲིམས་འཛིན་ལས་ཁུངས་ཀྱིས་དགེ་རྒན་དང་ལས་བཟོ་པའི་ཉེས་གསོག་གྱོད་གཞི་སྒྲུབ་སྐབས་ལས་གཉེར་བྱས་མི་ཆོག་པ་དང་བཀག་སྡོམ་གྱི་བཀའ་རྒྱའི་སྐོར་གྱི་གཏན་འབེབས་ལག་བསྟར་བྱེད་འཐུས་པའི་ཞིབ་ཕྲའི་སྒྲིག་སྲོལ་ཁ་གསལ་བཟོས་ཡོད། 《བསམ་འཆར》ནང་གཏན་འབེབས་བྱས་དོན། དགེ་རྒན་དང་ལས་བཟོ་པས་ཆགས་རྩེད་བཙན་གནོད་དང་། མནར་གཅོད། བསླུས་འཚོང་། དྲག་ཤུགས་ཀྱིས་གནོད་འཚེ་གཏོང་བ་སོགས་ཀྱི་ཉེས་པ་བསགས་ཚེ་མི་དམངས་ཁྲིམས་ཁང་གིས《ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་རེ་གཉིས་པའི་གཏན་འབེབས་གཞིར་བཟུང་ནས། ན་སོ་དར་ལ་མ་བབས་པའི་མིར་འབྲེལ་གཏུག་དམ་ཟབ་བྱེད་པའི་ལས་ཀ་བྱས་མི་ཆོག་པའི་དཔྱད་མཚམས་གཏོང་དགོས། དགེ་རྒན་དང་ལས་བཟོ་པས་གོང་གསལ་གཏན་འབེབས་ནང་ཚུད་མེད་པའི་བྱས་ཉེས་གཞན་དག་བསགས་ན། མི་དམངས་ཁྲིམས་ཁང་གིས་བྱས་ཉེས་བསགས་ཚུལ་དང་བྱས་ཉེས་བསྐྱར་མ་གསོག་རིགས་སྔོན་འགོག་བྱེད་པའི་དགོས་མཁོར་གཞིགས་ནས། 《ཉེས་ཁྲིམས་》ཀྱི་དོན་ཚན་སོ་བདུན་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར། ཉེས་ཅན་དེ་ཉིད་ལ་ཉེས་ཆད་ལག་བསྟར་བྱས་ཚར་བའི་ཉིན་ནམ་ཚོད་བགམ་གློད་འགྲོལ་བྱས་ཉིན་ནས་བཟུང་འབྲེལ་ཡོད་ལས་རིགས་གཉེར་མི་ཆོག་པའི་དཔྱད་མཚམས་གཏོང་དགོས་པ་དང་། ཡུན་ཚད་ནི་ལོ་གསུམ་ནས་ལོ་ལྔ་བར་ཡིན། ཡང་ན་《ཉེས་ཁྲིམས་》ཀྱི་དོན་ཚན་སོ་བརྒྱད་པའི་ནང་གསེས་དོན་ཚན་གཉིས་པ་དང་དོན་ཚན་དོན་གཉིས་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལྟར་དེར་བཀག་སྡོམ་བཀའ་རྒྱ་སྤྱད་འཐུས།
   གཉིས་ནས་དགེ་རྒན་དང་ལས་བཟོ་པས་བྱས་ཉེས་བསགས་པའི་གྱོད་གཞིའི་དཔྱད་མཚམས་ལ་ནུས་པ་ཐོན་རྗེས། མི་དམངས་ཁྲིམས་ཁང་གིས་སློབ་གསོའི་སྲིད་འཛིན་སྡེ་ཁག་ལ་ཁྲིམས་གཅོད་ཡིག་རིགས་སྐྱེལ་སྤྲོད་བྱ་དགོས་པའི་གཏན་འབེབས་བྱས་ཡོད། 《བསམ་འཆར》ནང་གཏན་འབེབས་བྱས་དོན། དཔྱད་མཚམས་ལ་ནུས་པ་ཐོན་རྗེས་མི་དམངས་ཁྲིམས་ཁང་གིས་ཉིན་སུམ་ཅུའི་ནང་ཚུན་ཁྲིམས་གཅོད་ཡིག་རིགས་ཞུ་སྦྱོར་ཕྱི་མ་བའི་ལས་ཁུངས་གནས་སའི་སློབ་གསོའི་སྲིད་འཛིན་སྡེ་ཁག་ལ་སྐྱེལ་སྤྲོད་བྱ་དགོས་པ་དང་། དགོས་ངེས་སྐབས་སུ། སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཁྲིམས་གཅོད་ཡིག་རིགས་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ལ་བརྒྱུད་སྤྲོད་བྱ་དགོས། ན་སོ་དར་ལ་མ་བབས་པའི་མིའི་གསང་དོན་སོགས་དང་འབྲེལ་བ་ཡོད་པའི་དབང་གིས་ཁྲིམས་གཅོད་ཡིག་རིགས་སྐྱེལ་སྤྲོད་བྱེད་མི་འོས་པ་ཡིན་ན། ཞུ་སྦྱོར་ཕྱི་མ་བའི་རང་བྱུང་གནས་ཚུལ་དང་། ཉེས་མིང་། དེ་བཞིན་ཁྲིམས་ཆད་ཁུར་བའི་ཡུན་ཚད་བཅས་ཁ་གསལ་བྲིས་པའི་འབྲེལ་ཡོད་ར་སྤྲོད་ཡིག་རིགས་སྐྱེལ་སྤྲོད་བྱས་ཆོག
    གསུམ་ནི་མི་དམངས་ཁྲིམས་ཁང་གིས་བཏང་བའི་ཉེས་དོན་དཔྱད་མཚམས་དང་བྱས་ཉེས་བསགས་པའི་དགེ་རྒན་དང་ལས་བཟོ་པ་གནས་སའི་སྡེ་ཚན་དང་གཙོ་སྐྱོང་སྡེ་ཁག་གིས་ལག་ལེན་བསྟར་བའི་ཐག་བཅད་དང་། ཆད་བཅད། ཉེས་ཆད་བཅས་བར་གྱི་འབྲེལ་བ་ཁ་གསལ་བཟོས་ཡོད། 《བསམ་འཆར》ནང་གཏན་འབེབས་བྱས་དོན། དགེ་རྒན་དང་ལས་བཟོ་པས་ཉེས་པ་བསགས་པར་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་བཏང་བར་ནུས་པ་ཐོན་རྗེས་དེ་ཉིད་གནས་སའི་ཚན་པ་དང་། སློབ་གསོའི་སྲིད་འཛིན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས《ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》དང་། 《དགེ་རྒན་སྐོར་གྱི་བཅའ་ཁྲིམས》《དགེ་རྒན་གྱི་ཐོབ་ཐང་སྐོར་གྱི་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས། དེ་མཚུངས་ཀྱི་ཐག་གཅོད་དང་། ཆད་གཅོད། ཉེས་ཆད་བཅས་བྱེད་ཆོག དགེ་རྒན་གྱི་གོ་གནས་ཤོར་བའམ་ཡང་ན་དགེ་རྒན་གྱི་ཐོབ་ཐང་རྩིས་མེད་དུ་གཏོང་བའི་གནས་ཚུལ་དང་མཐུན་པ་ཡིན་ན།སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་དེའི་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་དུས་ཐོག་ཏུ་རྩིས་ལེན་བྱ་དགོས།
    ཁྲིམས་འཛིན་ལག་ལེན་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས།ན་སོ་དར་ལ་མ་བབས་པའི་མིར་དམིགས་བསལ་དང་སྔོན་ལ་སྲུང་སྐྱོང་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་ཆེད།《བསམ་འཆར》ནང་ད་དུང་སློབ་གྲྭ་དང་བུ་གསོ་ཁང་སོགས་སློབ་གསོའི་སྒྲིག་གཞི་དང་།སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་གཉེར་འཛུགས་བྱེད་མཁན་དང་དངོས་སུ་ཚོད་འཛིན་བྱེད་མཁན་གྱིས་ཉེས་པ་བསགས་རིགས་བྱུང་ན། བསམ་འཆར་འདི་དཔྱད་གཞིར་བཟུང་ནས་ལག་བསྟར་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།
   གོམ་སྟབས་རྗེས་མར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སློབ་གསོ་པུའུ་བཅས་ཀྱིས་ས་གནས་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སློབ་གསོའི་སྲིད་འཛིན་སྡེ་ཚན་བཅས་ལ་མཛུབ་ཁྲིད་བྱས་ནས།ཉེས་ཁྲིམས་དང་། ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།དགེ་རྒན་སྐོར་གྱི་བཅའ་ཁྲིམས། 《བསམ་འཆར》བཅས་ཀྱི་འབྲེལ་ཡོད་གཏན་འབེབས་འཕྱུགས་མེད་ངང་ལག་ལེན་བསྟར་བ་དང་། ལས་གཉེར་བྱས་མི་ཆོག་པའི་ལམ་ལུགས་གཏན་དུ་འཁེལ་བར་སྤྱོད་པ་དང་ལག་བསྟར་ནན་པོ་བྱས་ཏེ། དགེ་རྒན་གྱི་ཀུན་སྤྱོད་ཐད་སྒྲིག་འགལ་གྱི་གནད་དོན་ཚབས་ཆེན་ཡོད་པར“བཟོད་སྒོམ་གཏན་ནས་མི་བྱེད་པ”བྱས་ནས། སློབ་གྲྭའི་ཁོར་ཡུག་ལེགས་སུ་བཏང་སྟེ་ན་སོ་དར་ལ་མ་བབས་པའི་མིའི་བདེ་ཐང་དང་བདེ་འཇགས་ངང་འཚར་ལོངས་ཡོང་ཆེད་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།