འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལག་བསྟར་
བསམ་འཆར་བཏོན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་08ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཨུད་གཞུང་དོན་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་སྟེ། སྐྱེ་ཁམས་མ་ལག་དང་། སྐྱེ་དངོས་རིགས། སྐྱེ་དངོས་རྒྱུད་འཛིན་ཐོན་ཁུངས་བཅས་གལ་ཆེན་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་ནུས་ལྡན་ཐུབ་པའི་འགན་ལེན་གྱིས་2025ལོར་སླེབས་སྐབས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་40%ཟིན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
   ལག་བསྟར་བསམ་འཆར་ནང་བསྟན་དོན། འགན་བཅོལ་གུན་གསབ་ལམ་སྲོལ་འཚོལ་ཞིབ་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱིས་མི་ལུས་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པར་འགན་བཅོལ་ཁ་གསབ་ལོ་གསུམ་སྤྲོད་པའི་ཚོད་ལྟའི་ལས་དོན་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། འབྲི་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་དུམ་བུར་ཉ་འཛིན་མི་ཆོག་པ་དང་། རྨ་ཆུའི་འབབ་རྒྱུད་དུ་ཉ་འཛིན་མི་ཆོག་པ། མཚོ་སྔོན་པོ་མཚོ་བསྡམས་ཉ་གསོ་སོགས་ཀྱི་ལམ་ལུགས་ལག་ལེན་བསྟར་ནས། འབྲི་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་དུམ་བུར་ཁྲིམས་དང་མི་མཐུན་པར་ཉ་འཛིན་པའི་བྱེད་སྤྱོད་ལ་རྡུང་རྡེག་བཏང་སྟེ་འབྲི་ཆུའི་ཉ་འཛིན་བཀག་འགོག་དང་འབྲེལ་བ་ཡོད་པའི་ཚོགས་པའི་རང་བཞིན་གྱི་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་གཙང་གསུམ་ཆུ་འགོ་དང་། མདོ་ལ་རིང་མོ། ཚྭ་འདམ་གཤོངས་ས་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་ཁྱམས་ར་འཆར་འགོད་ལག་བསྟར་བྱས་ནས། སྐྱེ་ཁམས་མུ་འབྲེལ་རང་བཞིན་ཇེ་མཐོར་གཏོང་བ་དང་། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་དངོས་རིགས་དང་། ཤིན་ཏུ་ཆུང་བའི་ཁྱུ་ཚོགས་དངོས་རིགས། རིགས་རྒྱུད་ཐོན་ཁུངས་ཀྱི་སྣ་མང་རང་བཞིན་བཅས་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་དང་རྩི་ཤིང་རིགས་དང་། དམིགས་བསལ་སྲུང་སྐྱོང་སྲོག་ཆགས་དང་རྩི་ཤིང་རིགས། བརྡ་བརྒྱུད་སྤྲོད་སྲོག་ཆགས་དང་རྩི་ཤིང་རིགས་བཅས་ལ་སྲུང་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྐྱེ་དངོས་རིགས་གལ་ཆེན་དང་དེའི་འཚོ་གནས་ཁུལ་ལ་སྲུང་སྐྱོང་ནུས་ལྡན་བྱེད་པ་དང་འབྲེལ། མཚོ་བོད་ས་མཐོའི་རྒྱལ་ཁབ་རྩི་ཤིང་གླིང་བསྐྲུན་རྒྱུར་སྐུལ་འདེད་དང་རྩ་ཆེའི་རྩི་ཤིང་གནས་སྤོས་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་བཙན་འཛུལ་སྐྱེ་དངོས་རིགས་བཀག་འགོག་ནུས་ལྡན་བྱས་ནས་ཁྲིམས་དང་མི་མཐུན་པར་ནང་འདྲེན་དང་། འཁྱེར་བ། སྦྲག་བསྐུར། ལྐོག་འདྲེན་སོགས་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས།
   བསམ་འཆར་ནང་། 2025ལོར་སླེབས་སྐབས། རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་40%དང་། ནགས་ཚལ་ཁེབས་ཚད་8% རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་58.8% འདམ་ར་སྲུང་སྐྱོང་བྱེད་ཚད་66% རྒྱལ་ཁབ་ཀྱིས་གཙོ་གནད་ཐོག་སྲུང་སྐྱོང་བྱ་ཡུལ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་སྲུང་སྐྱོང་ཐུབ་ཚད་80%བཅས་ཟིན་པ་བྱ་རྒྱུ་མ་ཟད། སྐམ་སའི་སྐྱེ་ཁམས་མ་ལག་རིགས་སྲུང་སྐྱོང་ནུས་ལྡན་བྱེད་ཚད་རྒྱལ་ཁབ་ཀྱི་བླང་བྱའི་ཚད་གཞིར་སླེབས་པ་དང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ། མཚོ་སྔོན་པོ་སོགས་གཙོ་གནད་འབབ་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་ལས་དོན་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ། སྐྱེ་དངོས་རྒྱུད་འཛིན་ཐོན་ཁུངས་བསྡུ་རུབ་དང་ཉར་ཚགས་ཐུབ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ནས་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་ཆོག་པའི་ངང་སྤྱོད་ཐུབ་པའི་ལམ་སྲོལ་ཞིག་རགས་ཙམ་གྲུབ་པར་བྱ་རྒྱུ་རེད།