འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁྲའོ་ཞན་སོགས་ཀྱི་དབུ་ཁྲིད་ཀྱིས་ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་སྤྲོ་
སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་24ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ཉིན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་། ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི-ཁ་ནེའར་བཅས་ཀྱིས་རྟེན་འབྲེལ་གློག་འཕྲིན་དང་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། བློ་མཐུན་ཞི་ཅིན་ཕིང་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་ཡོད། 
   ཅིན་ཀྲེང་ཨེན་གྱིས། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལེགས་འགྲུབ་ངང་འཚོགས་ཤིང་། སྐུ་ཉིད་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་ངས་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཀྲུང་གོའི་ཏང་དང་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆའི་འོག ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་དུས་རབས་འབྱེད་པའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་གིས་མུ་མཐུད་ཀྲུང་གོ་གུང་ཁྲན་ཏང་ལ་འགོ་ཁྲིད་བྱེད་པའི་འགན་འཁྲི་ལྕི་པོ་འཁུར་བ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་དང་ཀྲུང་གོ་མི་དམངས་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་ཡིད་ཆེས་དང་། རྒྱབ་སྐྱོར། རེ་སྒུག་བཅས་མཚོན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་གི་དབུ་ཁྲིད་འོག ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ངེས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་འོད་སྟོང་འབར་བའི་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་ཡོད། མིག་སྔར། ཁྲའོ་ཀྲུང་ཏང་གཉིས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་ཕྱིན་པ་དང་འགྲན་སློང་གང་འདྲ་ཞིག་འཕྲད་རུང་། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ལྟེ་བར་བྱེད་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ནུས་ལྡན་བྱེད་ཀྱི་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་དང་མཉམ་དུ་དུས་རབས་ཀྱི་བླང་བྱ་དང་བསྟུན་ནས། ཁྲའོ་ཀྲུང་གི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་འདོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་མི་དམངས་ལ་འགོ་ཁྲིད་གནང་བའི་འགན་འཁྲི་གལ་ཆེན་སྒྲུབ་གནང་བའི་ལས་དོན་ཁྲོད་གྲུབ་འབྲས་དེ་བས་ཆེ་བ་འཐོབ་རྒྱུར་སྙིང་ཐག་པ་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས། 
   རོན་ཧྥུ་ཀྲུང་གིས། སྐུ་ཉིད་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བའི་མཚམས་འདིར། ངས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་ཚབ་ཞུས་པ་དང་འབྲེལ་ང་རང་མི་སྒེར་གྱི་མིང་ཐོག་ནས་ཁྱེད་ལ་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བར་ངས་དགའ་སྤྲོ་དང་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཚོགས་ཆེན་ཐོག་ཀྲུང་གོའི་ཕུགས་ཀྱི་འཕེལ་རྒྱས་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་གྲུབ་འབྲས་ཐོབ་པའི་མངོན་འགྱུར་བྱ་རྒྱུར་དམིགས་ཏེ། འཐབ་ཇུས་ཀྱི་འཆར་འགོད་དང་དམིགས་ཚད་ལས་འགན་གལ་ཆེན་རབ་དང་རིམ་པ་བཟོས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་འབྲེལ་གསར་གཏོད་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཀྲུང་གོའི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་དམིགས་ཚད་ཁག་ལེགས་སྒྲུབ་བྱས་ནས་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྔ་ཙམ་མངོན་འགྱུར་ཐུབ་སྟེ། ཀྲུང་གོ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྐྲུན་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། ཁྱེད་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་ཆེད་དང་ཝེ་ཀྲུང་གི་འབྲེལ་བར་ལྷག་བསམ་ཟོལ་མེད་ངང་ཐུགས་ཁུར་དང་ལེགས་སྐྱེས་ཆེན་པོ་ཕུལ་བར་ང་ཚོས་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་འབྲེལ་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ངས་ཐོག་མཐའ་བར་གསུམ་དུ་སྐུ་ཉིད་དང་ལྷན་དུ། ཕྱོགས་གཉིས་པོའི་རིམ་པ་ཁག་དང་། སྡེ་ཚན་ཁག ས་གནས་ཁག་བཅས་ལ་མུ་མཐུད་སེམས་ཁུར་དང་མཛུབ་ཁྲིད་བྱེད་པ་དང་། མཐོ་རིམ་གྱི་ཐུན་མོང་ངོས་འཛིན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། ཝེ་ཀྲུང་ཁྱིམ་མཚེས་མཛའ་གྲོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་གཉིས་དང་། རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བཅས་ཀྱི་རྩ་བའི་ཕུགས་ཀྱི་ཁེ་ཕན་ཆེད་དང་། ས་ཁུལ་དེ་ག་དང་ཐ་ན་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། མཉམ་ལས། འཕེལ་རྒྱས་བཅས་ལ་ལེགས་སྐྱེས་འབུལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ངས་སྔ་ཙམ་སྐུ་ཉིད་དང་སླར་ཡང་ཐུག་འཕྲད་བྱས་ནས་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།
   ཐུང་ལུན་གྱིས། ཁྱེད་ཉིད་སླར་ཡང་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བའི་མཚམས་འདིར། ངས་ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་པ་དང་ང་རང་མི་སྒེར་གྱི་མིང་ཐོག་ནས་སྐུ་ཉིད་དང་སྐུ་ཉིད་བརྒྱུད་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གཅེན་གཅུང་དང་བློ་མཐུན་ལྟ་བུའི་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། སྐུ་ཉིད་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་དེའི་ཐོག་ནས་ཀྲུང་གོའི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྐུ་ཉིད་ཀྱིས་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་མཁས་མཛངས་ལྡན་པའི་གཙོ་འཛིན་གནང་བར་ཚད་མཐོའི་ཡིད་ཆེས་དང་གུས་བཀུར་ཚད་མེད་གང་ལེགས་མཚོན་ཡོད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྐུ་ཉིད་ཀྱིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས། གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་པར་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ཁྲིད་སྟོན་གནང་ནས་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་དང་འོད་སྟོང་གསར་པ་གཏོད་ཡོད། ཁྱེད་ཀྱིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་སོགས་འདུ་ཤེས་དང་འདོད་ཚུལ་གལ་ཆེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པ་དང་ཡོངས་ཁྱབ་ཀྱི་རྒྱབ་སྐྱོར་ཐོབ་ནས། འཛམ་གླིང་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་གི་ཆེད་དུ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་ཟིན་པ་དང་འབྲེལ་མུ་མཐུད་ལེགས་སྐྱེལ་འབུལ་རྒྱུ་རེད། ཁྱེད་ཀྱིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྤུན་ཟླའི་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྒྱལ་ཁའི་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག དེ་བས་རླབས་ཆེན་གྱི་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ངས་སྐུ་ཉིད་དང་མཉམ་དུ་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། དུས་རབས་གསར་པའི་ལོ་ཀྲུང་གི་འབྲེལ་བ་དང་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་དང་མེ་ཏོག་བཞད་པའི་གྲུབ་འབྲས་འཐོབ་རྒྱུར་ཐུན་མོང་ཐོག་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་ནས་རླབས་ཆེན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 
   ཏི་ཡ་སི-ཁ་ནེར་གྱིས། སྐུ་ཉིད་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཐོབ་ཡོད། ཁྱེད་ཀྱི་འགོ་ཁྲིད་འོག ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཁྲོད་མུ་མཐུད་གྲུབ་འབྲས་གསར་པ་ཐོབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་ཡོད། ཁྱེད་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་སྣེ་ཁྲིད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ལེགས་སྐྱེས་ཕུལ་བ་དེ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལམ་ཚད་རྡོ་རིང་ཞིག་རེད། ཀྲུང་གོ་དང་ཁུ་པ་ནི་གྲོགས་པོ་བཟང་པོ་དང་། བློ་མཐུན་བཟང་པོ། གཅེན་གཅུང་བཟང་པོ་བཅས་ཡིན་ཞིང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། མཛའ་གྲོགས་མཉམ་ལས། མཛའ་གྲོགས་འབྲེལ་བ་དམ་ཟབ་ཡོད་པ་བཅས་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད། ཁུ་པ་དང་ཀྲུང་གོའི་ཏང་གཉིས་པོ་དང། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་བར་གྱི་འབྲེལ་བ་ནི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག ངས་ཁྱེད་དང་མཉམ་དུ་མུ་མཐུད་བློ་བརྟན་འགྱུར་མེད་ངང་གོང་གསལ་གྱི་འབྲེལ་བའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། དེ་ཉིད་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་རྒྱུན་མཐུད་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རིམ་ལྡོག་ཐབས་མེད་པ་དང་གསོན་ཤུགས་ཀྱིས་ཁེངས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྐྱར་བསྒྲགས་བྱ་རྒྱུ་ཡིན། ཁྱེད་ཀྱི་སྐུ་ཁམས་བདེ་ཐང་ཡོང་ཞིང་གལ་ཆེ་ལ་བླ་ན་མེད་པའི་ལས་གནས་འདིའི་ཐོག་དེ་བས་ཆེ་བའི་གྲུབ་འབྲས་གསར་པ་འཐོབ་རྒྱུར་སྙིང་ཐག་པ་ནས་སྨོན་འདུན་ཞུ་རྒྱུ་ཡིན། སྐུ་ཉིད་དང་སྐུ་ཉིད་བརྒྱུད་ནས་ཀྲུང་གུང་ཏང་ཡོན་ཡོངས་དང་ཀྲུང་གོའི་མི་དམངས་ཡོངས་ལ་གཅེན་གཅུང་ལྟ་བུའི་འཐམ་འཁྱུད་དང་བླ་ན་མེད་པའི་གུས་བཀུར་ཞུ་རྒྱུ་ཡིན་ཞེས་གསུངས།