མི་དམངས་དྲ་བ།

༄༅།།འཛམ་གླིང་གི་སྲིད་དོན་མི་སྣས་ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་
སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་24ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ཉིན་འཛམ་གླིང་གི་སྲིད་ཏང་གི་སྲིད་དོན་མི་སྣས་གཅིག་རྗེས་གཉིས་མཐུད་ངང་གློག་འཕྲིན་བཏང་ནས། ཞི་ཅིན་ཕིང་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། 
   ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས། སྐུ་ཉིད་སླར་ཡང་ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བའི་མཚམས་འདིར། ངས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དེའི་ཐོག་ནས་སྐུ་ཉིད་ཀྱི་བླ་ན་མེད་པའི་ཆབ་སྲིད་ཀྱི་སྙན་གྲགས་གང་ལེགས་མཚོན་པ་དང་། སྐུ་ཉིད་ཀྱི་འགོ་ཁྲིད་འོག་ཀྲུང་གོའི་གུང་ཁྲན་ཏང་གི་མཐུན་སྒྲིལ་ཆེན་པོ་མངོན་ཡོད། ད་ཐེངས་ཀྱི་ཚོགས་ཆེན་ཐོག་བཏོན་པའི་གཏན་འབེབས་ཁག་གིས་ཀྲུང་གོར་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་ཀྱི་བརྗིད་ཆེའི་དམིགས་འབེན་གྲུབ་འབྲས་ཐོབ་པའི་ངང་མངོན་འགྱུར་ཡོང་རྒྱུར་རོགས་རམ་ཐུབ་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུ་རེད། ངས་མུ་མཐུད་ཁྱེད་དང་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་དང་མཉམ་ལས་དམ་ཟབ་བྱས་ཏེ། ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མདུན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཁྱེད་ཀྱི་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ། བླ་ན་མེད་པའི་ལས་གནས་ཐོག་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྙིང་ཐག་པ་ནས་སྨོན་འདུན་ཞུ་རྒྱུ་ཡིན་པ་བསྟན། 
   ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི། ཙུང་ཐུང་ལ་མ་ཕུའུ་ས་ཡིས། སྐུ་ཉིད་སླར་ཡང་ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། ཁྱེད་ཉིད་བརྒྱུད་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་ཐུན་མོང་ལ་སྨོན་འདུན་བཟང་པོ་ཡང་ཞུ་རྒྱུ་ཡིན། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱིས་འཐབ་ལམ་གསར་པའི་ཐོག་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་དམངས་ཚོགས་ཆེན་གྱིས་ཏང་གཉིས་ཀྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད། སྐུ་ཞབས་ཀྱི་འགོ་ཁྲིད་འོག་ཀྲུང་གོའི་གུང་ཁྲན་ཏང་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་དམངས་ཚོགས་ཆེན་བར་གྱི་འབྲེལ་བ་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད་པས། ཀྲུང་གུང་གིས་ང་ཚོར་རྒྱབ་སྐྱོར་དང་ཁྲིད་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གུང་གིས་འཛམ་གླིང་ཡར་ཐོན་སྟོབས་ཤུགས་དང་མཉམ་དུ་འཛམ་གླིང་གི་དྲང་གཞག་དྲང་བདེན་དང་ཞི་བདེའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུར་ཡིད་ཆེས་ཡོད་པ་བསྟན། 
   ཨ་ཀེན་ཐིན་གྱི་དྲང་བདེན་ཏང་གི་ཀྲུའུ་ཞི་ཙུང་ཐུང་ཧྥེར་ནན་ཏེ་སི་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་སྣེ་ཁྲིད་དེ་དབུལ་ཕོངས་སེལ་ཞིང་། ཚན་རྩལ་གསར་གཏོད། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་སོགས་ཕྱོགས་ཁག་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས། ཀྲུང་གོ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་ཆེས་ཆེར་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་ལ་སློབ་སྦྱོང་གི་མིག་དཔེ་བཟང་པོ་ཞིག་བཏོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་འགོ་ཁྲིད་དེ་འཕེལ་རྒྱས་དང་དར་རྒྱས་ཀྱི་འགྲོ་ལམ་ཐོག་མུ་མཐུད་ཞུམ་མེད་མདུན་སྐྱོད་བྱས་ནས། མུ་མཐུད་འོད་སྟོང་འཕྲོ་བ་དང་གྲུབ་འབྲས་བཟང་པོ་ཡང་ཡང་ལེན་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་པ་བསྟན། 
   སུའུ་ཏན་ལྷོ་མའི་མི་དམངས་བཅིངས་འགྲོལ་ལས་འགུལ་གྱི་ཀྲུའུ་ཞི་ཙུང་ཐུང་ཅིའར་གྱིས། ཀྲུང་གོའི་གུང་ཁྲན་ཏང་གིས་དུས་ཡུན་རིང་པོའི་ནང་སུའུ་ཏན་ལྷོ་མའི་མི་དམངས་བཅིངས་འགྲོལ་ལས་འགུལ་དང་སུའུ་ཏན་ལྷོ་མ་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་དང་སུའུ་ཏན་ལྷོ་མའི་མི་དམངས་བཅིངས་འགྲོལ་ལས་འགུལ་གྱིས་ཁྱེད་དང་ཀྲུང་གོའི་གུང་ཁྲན་ཏང་བར་མཉམ་ལས་དམ་ཟབ་བྱ་རྒྱུར་གཞོལ་ནས། སུའུ་ཏན་ལྷོ་མ་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་ཆེ་ཤོས་མངོན་འགྱུར་བྱ་རྒྱུ་ཡིན་པ་བསྟན། 
   བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་ཡིས། སྐུ་ཉིད་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་དེའི་ཐོག་ནས་ཁྱེད་ཀྱི་བླ་ན་མེད་པའི་སྙན་གྲགས་དང་། ཀྲུང་གུང་ཏང་ཡོན་ཁྲི་9600ལྷག་ཙམ་གྱིས་ཁྱེད་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བ་གང་ལེགས་མཚོན་ཡོད། ཁྱེད་ཀྱིས་བློ་བརྟན་འགྱུར་མེད་ངང་རླབས་ཆེན་གྱི་ཀྲུང་གོའི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་པས། དམིགས་འབེན་དེ་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་པ་བསྟན། 
   ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་ཡིས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་ལེགས་འགྲུབ་བྱུང་བ་འདི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འགྲོ་ལམ་ཐོག་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། སྐུ་ཉིད་བདམས་ཐོན་བྱུང་བའི་ཐོག་ནས་ཀྲུང་གོའི་མི་དམངས་ཡོངས་ཀྱིས་ཁྱེད་གོང་བཀུར་ཚད་མཐོན་པོ་ཞུ་བ་ར་སྤྲོད་བྱུང་ཡོད། ངས་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་ཡུན་རིང་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་འདོད་ཡོད་པ་བསྟན། 
   ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་ཡིས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་འདེམས་བསྐོ་བྱས་འབྲས་ཐོག་ནས་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཁྱེད་ལ་ཡིད་ཆེས་དང་བརྩི་བཀུར་ཚད་མཐོན་པོ་གནང་བ་མཚོན་ཡོད། ཉེ་བའི་ལོ་ཤས་རིང་། ཁེར་གྷི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན། 
   ཐུར་ཁུ་མེན་སི་ཐན་གྱི་ཙུང་ཐུང་ཞེའར་ཏར·པེར་ཏེ་མུའུ་ཧ་མེ་ཏུའོ་ཕུའུ་ཡིས། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག ཀྲུང་གོ་མི་དམངས་ཀྱིས་རང་གི་གཙོ་འཛིན་ལ་རྦད་དེ་ཡིད་ཆེས་བྱེད་པ་དང་། ཁྱེད་ཀྱི་དཔའ་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁབ་ཕྱོགས་ཡོངས་ནས་དེང་རབས་ཅན་མངོན་འགྱུར་དང་། མི་རིགས་བསྐྱར་དར་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་སྲིད་ཇུས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་གསལ་བཤད་གང་ལེགས་བྱས་ཡོད། ང་ཚོས་ཀྲུང་གོ་ཕྱོགས་དང་མཉམ་དུ་ནང་དོན་ཕུན་སུམ་ཚོགས་ལ་ཕན་ཚུན་ཡིད་ཆེས་བྱེད་ཚད་མཐོ་བའི་སྐད་ཆ་ཤོད་རེས་མུ་མཐུད་བྱེད་འདོད་ཡོད་པ་བསྟན། 
   ཕ་ཁི་སི་ཐན་གྱི་མུའུ་སི་ལིན་མནའ་འབྲེལ་(ཞེ་ལི་ཕུའུ་ཕྱོགས་ཁག)གི་ཀྲུའུ་ཞི་སྲིད་གཞུང་གི་ཙུང་ལི་ཞ་པ་ཙི་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་འོག ཀྲུང་གོར་མིའི་རིགས་བྱ་གཞག་གི་ཁྱབ་ཁོངས་ཁག་ཏུ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་དྲང་གཞག་དྲང་བདེན་དང་འཆམ་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དང་དེ་བཞིན་རྒྱལ་ཁབ་ཁག་གི་ཟོལ་མེད་མཛའ་གྲོགས་ཀྱི་མཉམ་ལས་སྙིང་སྟོབས་དར་སྤེལ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།
   ཧང་ག་རིའི་གཞོན་ནུ་དམངས་གཙོ་མནའ་མཐུན-ཧང་ག་རིའི་སྤྱི་དམངས་མནའ་འབྲེལ་གྱི་ཀྲུའུ་ཞི་དང་སྲིད་གཞུང་གི་ཙུང་ལི་ཨོར་པན་གྱིས། སྐུ་ཉིད་ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འདས་ཟིན་པའི་ལོ་བཅུའི་ནང་། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། ཧང་ག་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཡང་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ཧང་ག་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་བཙུགས་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་གདེང་འཇོག་གནང་བ་དང་། འབྱུང་འགྱུར་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པ་བསྟན། 
   གཞན་ཡང་རྟེན་འབྲེལ་གློག་འཕྲིན་གཏོང་མཁན་མོ་རི་ཐིའུ་སིའི་སྤྱི་ཚོགས་རིང་ལུགས་ཀྱི་དམག་འཐབ་ལས་འགུལ་གྱི་ཀྲུའུ་ཞི་ལའེ་སི་ཆུང་ཅ་ཏེ་དང་། པར་ཙིར་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཨ་ལའོ་རུའུ། སི་ར་ལ་ཨོང་མི་དམངས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཁོ་ལུའོ་མ་སོགས་ཡོད་པ་རེད།