འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཐེན་ཅིན་གྱི་འཐུས་མི་ཚོགས་པས་གསུངས་དོན། རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་20ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་ཡན་ཧྥན། “འཐབ་ས་དང་པོ་ནས་ཡོང་བའི་འཐུས་མི་ཞིག་གི་ངོས་ནས་ངས་སྐད་ཆ་ཚིག་ཁ་ཤས་བཤད་དེ་ང་ཚོའི་ཐུན་མོང་གི་བསམ་འདུན་མཚོན་པར་བྱ་རྒྱུ་ཡིན”ཞེས་ཐེན་ཅིན་གྱི་འཐུས་མི་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཅིན་ཤང་ཅུན་གྱིས་མཉམ་སྡེབ་བཅར་འདྲི་དང་ལེན་གནང་སྐབས“ལོ་བཅུ་ཡི་རིང་ང་ཚོར་གྲུབ་འབྲས་རླབས་པོ་ཆེ་དང་འཕོ་འགྱུར་རླབས་པོ་ཆེ་བྱུང་བའི་ཆེས་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་སྣེ་ཁྲིད་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བར་རག་ལུས་ཡོད། འབྱུང་འགྱུར་ང་ཚོས་རྒྱང་ལམ་གསར་པར་འབད་འབུངས་ཡར་བརྩོན་གྱིས་རྒྱལ་ཁ་གསར་པ་ལེན་རྒྱུ་ཡིན”ཞེས་གསུངས་པ་རེད།
   “ལྷན་རྒྱས་ཐེན་ཅིན་དུ་ཕེབས་ནས་ཐེན་ཅིན་གྱི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་གསར་པ་ཉམས་ལེན་གནང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་ཐེན་ཅིན་གྱི“871”སྐྱེ་ཁམས་འདུ་འགོད་ལག་ལེན་བསྟར་བའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས་ཅིན་ཤང་ཅུན་གྱིས་ཟོལ་མེད་ཀྱི་རྣམ་འགྱུར་བསྟན་གནང་བ་རེད། “871”སྐྱེ་ཁམས་འདུ་འགོད་ནི་ཐེན་ཅིན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་བུ་རབས་ཚ་རྒྱུད་ཆེད་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་རེད། དེའི་ནང“8”ཅེས་པ་ནི་སྤྱི་ལེ་ངོས་གྲུ་875ཡི་འདམ་ར་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུ་དེར་བརྗོད་པ་དང་།“7”ཞེས་པ་ནི་ཐེན་ཅིན་གྱི་ལྟེ་བའི་གྲོང་ཁུལ་དང་པིན་ཧའེ་ཁུལ་གསར་དབར་གྱི་སྤྱི་ལེ་ངོས་གྲུ་153གྱི་མཚོ་འགྲམ་རྒྱུད་དུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་བརྗོད།
   ཅིན་ཤང་ཅུན་གྱིས་ད་ཆ་ལྗང་མདོག་སྐྱེ་ཁམས་སྲུང་ཡོལ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་ལེགས་སུ་ནུས་ལྡན་ཕྱིན་པ་དང་། གནའ་བོའི་མཚོ་འགྲམ་འདམ་རའི་ལྗང་མདོག་བར་ཁྱམས་དང་། མུའུ་ཁྲི་ཡི་ཆུ་འབྲས་ཞིང་ཁ། ཞིང་སྡེའི་ཕྱོགས་བསྡུས་སྒྲིག་གཞི་སོགས་ནི་གྲོང་མིས་སྤྲོ་གསེང་རོལ་རྩེད་དང་རང་བྱུང་ཁམས་ཉམས་ལེན་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་གནང་བ་རེད།