འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལི་ཁེ་ཆང་ཀན་སུའུ་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ནང་ཞུགས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་18ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ལི་ཁེ་ཆང་ཀན་སུའུ་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ནང་ཞུགས།
     ཟླ་10ཚེས་17ཉིན་གྱི་སྔ་དྲོར། བློ་མཐུན་ལི་ཁེ་ཆང་ཁོང་ཉིད་གནས་སའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀན་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས། ལི་ཁེ་ཆང་གིས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུ་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད། ཁོང་གིས་སྙན་ཞུའི་ནང་འདས་པའི་ལོ་ལྔའི་རིང་གི་ལས་ཀ་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ཕྱོགས་བསྡོམས་བྱས་ཡོད། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་བསམ་ཕྱོགས་གསར་པ་གཏོད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་སོགས་ཀྱི་གནད་དོན་གལ་ཆེན་རྒྱས་བཤད་གནང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བར་འཐབ་ཇུས་བཀོད་སྒྲིག་གནང་བ་དེ་ནི་འབྱུང་འགྱུར་ལ་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད་ཅེས་གསུངས་པ་རེད། 
     ལི་ཁེ་ཆང་དང་འཐུས་མི་ཚོས་སྤེལ་རེས་གཏིང་ཟབ་གནང་བ་རེད། ཁོང་གིས་ལོ་བཅུའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བར་ངེས་པར་དུ་དུས་རབས་གསར་པའི་འཐབ་ལམ་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་གི་ལས་འགན་ལ་ངོས་འཛིན་གཏིང་ཟབ་བྱ་དགོས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱས་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་རེད། འཕེལ་རྒྱས་གཏོང་རྒྱུ་ནི་ཏང་གིས་སྲིད་འཛིན་པ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། ཡང་དག  ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་པ་བཅས་བྱས་ནས་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་། གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པས། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་ཆ་ཚང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་འབྱེད་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་བྱེད་ཕྱོགས་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱ་དགོས། “གཡོ་འགུལ་སྤུ་ཙམ་མེད་པ”གཉིས་མཐའ་འཁྱོངས་བྱས་ནས།  ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར་བཅས་ཀྱི་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ། འགྲན་རྩོད་དྲང་གཞག་གི་ཁྲོམ་རའི་ཁོར་ཡུག་བསྐྲུན་དགོས། ཁྲིམས་ལྟར་སྲིད་འཛིན་བྱེད་པར་སྐུལ་སྤེལ་བཏང་ནས་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་འགན་སྲུང་དང་སྐུལ་སྤེལ་བྱ་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་འབྱེད་གོམ་སྟབས་བརྟན་པོའི་ངང་ཆེ་རུ་གཏོང་དགོས། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་། འཕེལ་རྒྱས་གཏོང་རིང་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱས་ཏེ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་ཞིང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཁེ་ཐོབ་པར་བྱ་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་ཀྱི་ཐོག་ནས་བྱ་བ་སྒྲུབ་རྒྱུ་གཙོ་བོར་འཛིན་པ་དང་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་མ་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་གསུངས་པ་རེད།