འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་དུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་18ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་10ཚེས་16ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྙན་སྒྲོན་གནང་བཞིན་པ།
ཟླ་10ཚེས་16ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྙན་སྒྲོན་གནང་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། སེམས་ནུས་གཅིག་སྒྲིལ་གྱིས་བསྐྱར་དར་གྱི་འཆར་འགོད་གསར་པ་བཀོད། མཐུན་སྒྲིལ་འབད་འཐབ་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གཏོད། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚེས་16ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད།
     ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་འགོ་བརྗོད་དུ《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས》ཞེས་འཁོད་པའི་སྙན་སྒྲོན་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ། རང་ལ་ཡིད་ཆེས་དང་ཡར་ཐོན་ལྷུར་ལེན། གཞུང་འཁྱོངས་གསར་འབྱེད། སྙིང་སྟོབས་རབ་འཕེལ་དང་འབད་འབུངས་ཡར་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། ཕྱོཌ་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་དེ་ཡིན་ཞེས་གསུངས་པ་རེད།
     མི་དམངས་ཚོགས་ཁང་ཆེ་མོ་རྔམ་བརྗིད་རབ་ཏུ་ལྡན། མི་ཁྲི་ཤོང་བའི་ཚོགས་ཁང་ཆེ་མོར་དགའ་སྤྲོའི་རྣམ་པས་ཁེངས། ཀྲུའུ་ཞི་སྡིངས་ཆའི་འགོ་ཐོད་དུ“ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ”ཞེས་པའི་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་ཡོལ་གྱི་དབུས་སུ་ཟོར་བ་དང་ཐོ་བ་ལས་གྲུབ་པའི་ཏང་རྟགས་བཀལ་ཡོད་ཅིང་། དམར་མདངས་བཀྲ་བའི་དར་དམར་བཅུ་གཞོགས་གཉིས་སུ་གྲལ་སྟར་འགྲིག་པོར་བཙུགས་ཡོད། ཉིས་ཐོག་དང་གསུམ་ཐོག་གི་གཟིགས་སྟེགས་ཐོག“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས”ཞེས་པ་དང་། “རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད།
     ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲས་སུ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཏིང་ཞུའེ་ཞང་། ཝང་ཁྲེན། ལིའུ་ཧོ། ཞུས་ཆི་ལེང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། དབྱང་ཅེ་ཁྲེ། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་མེན་ཨེར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཧུའུ་ཅིན་ཐའོ། ལི་རུའེ་ཧོན། དབུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི། ཡིའུ་ཆོན། ཀྲང་ཆིང་ལི་བཅས་ཡོད་པ་རེད།
     ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། སྔ་དྲོའི་ཆུ་ཚོད་10པར་ཚོགས་འདུ་འགོ་ཚུགས་ཤིང་། ཚོགས་མི་ཡོངས་ཡར་བཞེངས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ》སྐད་གསང་མཐོན་པོས་བླངས་པ་དང་། དེ་རྗེས་བློ་མཐུན་ཡོངས་ཀྱིས་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་འདས་པོ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
     ལི་ཁེ་ཆང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་དགོས་པའི་འཐུས་མི་2296དང་། དམིགས་བསལ་གདན་ཞུས་འཐུས་མི་83བཅས་ཁྱོན་འཐུས་མི་2379ཡོད། དེ་རིང་དངོས་སུ་མི་གྲངས་2340ཞུགས་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད། ཁོང་གིས་ཚོགས་ཆེན་ལ་ཟུར་ཞུགས་གནང་བའི་ཏང་ཕྱིའི་གྲོགས་པོ་དང་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན་དེ་ཁག་15ལ་ཕྱེ་བ་སྟེ། གཅིག འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་དང་། གཉིས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་གཏོད་དགོས་པ། གསུམ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན། བཞི། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། ལྔ། ཚན་སློབ་རྒྱལ་དར་གྱི་འཐབ་ཇུས་ལག་ལེན་བསྟར་ནས་དེང་རབས་ཅན་འཛུགས་སྐྲུན་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། དྲུག བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་སྟེ་མི་དམངས་རང་ཁྱིམ་རང་བདག་ཡོང་བའི་འགན་ལེན་བྱེད་དགོས་པ། བདུན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱས་ནས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། བརྒྱད། རིག་གནས་ཀྱི་གདེང་ཚོད་དང་རང་སྟོབས་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལས་འོད་སྟོང་གསར་པ་འཕྲོ་བར་བྱེད་དགོས་པ། དགུ། དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་པ། བཅུ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས་པ། བཅུ་གཅིག རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། བཅུ་གཉིས། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་པར་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་དགོས་པ། བཅུ་གསུམ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས་པ། བཅུ་བཞི། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། བཅོ་ལྔ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་བཅས་རེད།
     ཞི་ཅིན་ཕིང་གིས་སྙན་སྒྲོན་ནང་བསྟན་དོན། ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔའི་ནང་། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བར་སྤྱི་འདོམས་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བྱས་པ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཛ་དྲག་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་གཅིག་མཇུག་གཉིས་མཐུད་དུ་ཐོན་པའི་ཉེན་ཁ་དང་འགྲན་རྩོད་ཆེན་པོར་ཁ་གཏད་ནུས་ལྡན་བཅག་པ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད། ལོ་ལྔའི་རིང་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དུས་ཡུན་རིང་པོར་ཐག་གཅོད་མ་ཐུབ་པའི་དཀའ་གནད་དུ་མ་ཁྱད་དུ་བསད་པ་དང་ཕུགས་དང་འབྲེལ་བ་ཡོད་པའི་དོན་ཆེན་མང་པོ་བསྒྲུབས་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།
     དུས་རབས་གསར་པའི་ལོ་བཅུའི་རིང་གི་ལས་དོན་ལ་ཕྱོགས་སྡོམ་གནང་སྐབས། ཞི་ཅིན་ཕིང་གིས་གསུངས་དོན། ལོ་བཅུའི་རིང་ང་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དོན་ཆེན་གསུམ་བརྒྱུད་པ་སྟེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་བསུས་པ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ། གསུམ་ནི་དབུལ་སྒྲོལ་འགག་སྒྲོལ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་བསྒྲུབས་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ་བཅས་རེད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཞིག་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དུ་འགོད་འོས་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཞིག་རེད་ལ། འཛམ་གླིང་ལ་ཤུགས་རྐྱེན་ཟབ་མོ་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཞིག་ཀྱང་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ལོ་བཅུའི་རིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པར་སྐུལ་འདེད་བཏང་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གསར་དུ་བཏོད་པ་དང་། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་ཡིན་པའི་འབྱོར་འབྲིང་མངོན་འགྱུར་བྱུང་བ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་ཞིང་ཆ་ཚང་བའི་འཐབ་ཇུས་བཀོད་སྒྲིག་བྱས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་པ་དང་ལག་ལེན་བསྟར་བ། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོར་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་བ། སྔར་ལས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་ལེན་བསྟར་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱིས་མཛུབ་ཁྲིད་གནས་བབ་བཟུང་ཡོད་པའི་རྩ་བའི་ལམ་ལུགས་གཏན་འཁེལ་དང་རྒྱུན་འཁྱོངས་བྱས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་བ། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བསྟར་བ། དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་གཏན་འཁེལ་བྱས་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་སྐུལ་འདེད་བཏང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། ཏང་ནན་པོས་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་བ་བཅས་རེད། དེ་དང་ཆབས་ཅིག ང་ཚོའི་ལས་དོན་ལ་ད་དུང་མི་འདང་ས་ཁ་ཤས་ཡོད་པ་དང་། དཀའ་ངལ་དང་གནད་དོན་མི་ཉུང་བ་ཞིག་འཕྲད་ཡོད་པ་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པར་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། དུས་རབས་གསར་པའི་ལོ་བཅུའི་རིང་གི་འཕོ་འགྱུར་རླབས་པོ་ཆེ་དེར་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་བརྒྱུད་མྱོང་བའི་ཀྲུང་གོ་གུང་ཁྲན་ཏང་ནི་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་སྔར་བས་ཞུམ་མེད་སྟོབས་ཆེར་སོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་གྱུར་ཡོད། ཀྲུང་གོ་མི་དམངས་ཀྱི་མདུན་སྐྱོད་སྒུལ་ཤུགས་སྔར་བས་ཆེ་རུ་དང་། འབད་འཐབ་ཀྱི་སྙིང་སྟོབས་སྔར་བས་ཆེར་སྐྱེད། རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་སྔར་བས་བརྟན་དུ་བཅས་སོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེན་ཆགས་པ་བཅས་བར་གྱི་མཆོང་སྐྱོད་རླབས་པོ་ཆེར་ཡིད་ཆེས་ལྡབ་འགྱུར་གྱིས་སྐུལ་འདེད་གཏོང་བཞིན་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལེའུ་གསར་པ་ཟམ་མི་ཆད་པར་རྩོམ་རྒྱུ་ནི་དེང་རབས་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་ཆེ་བའི་ལོ་རྒྱུས་ཀྱི་འགན་འཁྲི་རེད། ལག་ལེན་གྱི་རྨང་གཞིའི་ཐོག་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་དགོས་ན། ཐོག་མར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། དེའི་ནང་དུ་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། རང་ཡིད་རང་ཆེས་དང་རང་སྟོབས་རང་སྤེལ་མཐའ་འཁྱོངས། གཞུང་འཁྱོངས་གསར་གཏོད་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། མ་ལག་གི་འདུ་ཤེས་མཐའ་འཁྱོངས། གནམ་འོག་ཁོང་འཆང་མཐའ་འཁྱོངས་བཅས་བྱེད་དགོས།
     དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་སྐོར་གསུང་སྐབས། ཞི་ཅིན་ཕིང་གིས་གསུངས་དོན། ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ཏེ། ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་གལ་ཆེན་ཁག་ལ་དམ་འཛིན་བྱེད་དགོས་པ་སྟེེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངེས་པར་དུ་ཆ་ཚང་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ཏེ། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་པོ་གྲུབ་པར་བྱེད་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཁག་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་མཐའ་འཁྱོངས་བྱས་ཏེ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་རང་སྟོབས་རང་སྤེལ་བྱེད་པ། ཤེས་ལྡན་མི་སྣས་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་བཅས་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་དགོས་ཤིང་། ཏང་གིས་འགོ་ཁྲིད་པ་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་མཐའ་འཁྱོངས་བྱེད་དགོས་པ་དང་། མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་འགན་སྲུང་ལ་ཤུགས་རྒྱག་པ་དང་། ཕྱོགས་ཡོངས་ནས་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་བ། གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་ཧུར་ཐག་གཏོང་བ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། ངེས་པར་དུ་ཁྲིམས་སྐྱོང་གི་གཞི་རྩ་བརྟན་དུ་དང་། སྔོན་དཔག་བརྟན་དུ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱས་ཏེ། ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས། རྩ་ཁྲིམས་ལྟེ་བར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་སྲིད་སྐྱོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། ཁྲིམས་འཛིན་དྲང་གཞག་ནན་པོ་བྱེད་པ། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་མྱུར་པོ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། གོང་བུ་འགྲིལ་ཤུགས་དང་ཁྲིད་སྟོན་བྱེད་ཤུགས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་གཏོད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་རྒྱ་ཁྱབ་ཏུ་བསྟར་བ། སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་དར་ཚད་མཐོ་རུ་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ། ཀྲུང་ཧྭའི་ཤེས་དཔལ་བརྒྱུད་སྤེལ་བྱེད་ནུས་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་དགོས་ན། མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དམ་པོར་བཟུང་ནས་གང་ནུས་དེ་སྒྲུབ་དང་འཁོས་དཔག་ལས་སྒྲུབ་མཐའ་འཁྱོངས་བྱེད་དགོས། བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངེས་པར་དུ་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ལ་ཇུས་འགོད་བྱེད་དགོས། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཕྱོགས་སྒྱུར་གང་མགྱོགས་ཡོང་བར་བྱེད་པ་དང་། ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་གཏོང་བ། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ལ་སྐུལ་འདེད་ཧུར་ཐག་དང་བརྟན་པོ་གཏོང་བ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བར་བྱས་ནས། མི་དམངས་དམག་དཔུང་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་གཏོད་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་ཞིག་རེད། དེས་ན། དམག་སྦྱོང་དང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་དམག་དོན་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་བ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་པོ་ཆེ་ཞིག་དང་ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཡག་ཤོས་ཤིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས། ཤང་ཀང་དང་ཨའོ་མོན་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བདག་སྐྱོང་གི་དབང་ཆ་དོན་འཁྱོལ། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དང“རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི”རྩ་དོན་དོན་འཁྱོལ། ཤང་ཀང་དང་ཨའོ་མོན་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་ཡོང་བར་རྒྱབ་སྐྱོར་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་ནུས་པ་དེ་བས་ལེགས་པ་འདོན་དགོས། ལྷག་བསམ་རྣམ་དག་དང་འབད་བརྩོན་ལྷོད་མེད་ཀྱིས་ཞི་བདེ་གཅིག་གྱུར་གྱི་མདུན་ལམ་བརྩོན་ལེན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་ཆབས་ཅིག དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱོད་པའི་གདམ་ག་སོར་འཇོག་བྱེད་དགོས། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་བྱེད་དགོས་ལ་ཡོང་ངེས་ཀྱང་ཡིན།
     ཞི་ཅིན་ཕིང་གིས་གསུངས་དོན། དེང་སྐབས་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མྱོང་མེད་པའི་རྣམ་པའི་ཐོག་ནས་འགྱུར་ལྡོག་འགྲོ་བཞིན་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བཅས་བྱས་ནས་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད་ལ་ཏང་གི་རང་ངོས་གསར་བརྗེར་ནམ་ཡང་ཚར་དུས་མེད་པས། ལྷོད་གཡེང་དང་ངལ་གསོ་བ་དང་ངལ་དུབ་དང་དམག་འཁྲུག་ལ་སུན་སྣང་གི་བསམ་ཚུལ་གཏན་ནས་ཡོད་མི་རུང་བར། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེར་ཁྲིད་སྟོན་བྱེད་དགོས་པ་དེ་ཏང་ཡོངས་ཀྱིས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། རྒྱུན་སྲིང་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་བློ་སྦྱོང་བྱེད་པ། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཚད་ལྡན་དུ་གཏོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཐུབ་མཁན་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། ནན་པའི་དགོངས་གཞི་མཐའ་འཁྱོངས་ཀྱིས་སྤྱོད་གཙང་སྒྲིག་ནན་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། ཏང་གིས་འབད་འཐབ་རླབས་པོ་ཆེར་བརྟེན་ནས་ལོ་ངོ་བརྒྱ་ཡི་བྱ་གཞག་རླབས་པོ་ཆེ་བཏོད་ཡོད་ལ། མུ་མཐུད་འབད་འཐབ་རླབས་པོ་ཆེ་གསར་པར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་ངེས་རེད།
     ཞི་ཅིན་ཕིང་གིས་སྙན་སྒྲོན་གནང་བའི་བརྒྱུད་རིམ་ཧྲིལ་པོར་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མྱོང་བ་དང་འཁུར་མུས་ཡིན་པའི་ཏང་ཕྱིའི་མི་སྣ་དང་། པེ་ཅིང་དུ་བཞུགས་པའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་འཐུས་མི། པེ་ཅིང་དུ་བཞུགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུའི་ཁྲོད་ཀྱི་དམངས་གཙོ་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པ་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་སྐུ་མགྲོན་གྱི་ངོས་ནས་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད་པ་རེད། ཏང་ནང་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཡང་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད་པ་རེད།
     ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་2500ཙམ་གྱིས་འགོ་ཚུགས་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་བཅར་འདྲི་འཕྲིན་སྤེལ་བྱས་པ་རེད།
ཟླ་10ཚེས་16ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཧུའུ་ཅིན་ཐའོ་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ།
ཟླ་10ཚེས་16ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཧུའུ་ཅིན་ཐའོ་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ།