འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མ་འོངས་པར་ཇི་ལྟར་བསྒྲུབ་དགོས་སམ། སྙན་ཞུའི་གནད་ཚིག་ལ་བལྟ་རོགས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་17ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་16ཉིན། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་དུ་འགོ་ཚུགས་ཤིང་། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྙན་ཞུ་གནང་བ་རེད། མ་འོངས་པར་ཇི་ལྟར་བསྒྲུབ་དགོས་སམ། ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་གི་གནད་ཚིག་སྐོར་ཞིག་ལས་རྒྱུས་ལོན་བྱ་རོགས། 
     ལྟེ་བའི་ལས་འགན། 
     ད་ནས་བཟུང་ཀྲུང་གོའི་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནསསྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱས་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།
     ཀྲུང་གོའི་རྣམ་པའི་དེང་རབས་ཅན། 
     ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞིང་། རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ཡོད་ལ། རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ཡོད།
     གོམ་སྟབས་གཉིས། 
     ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ནི་གོམ་སྟབས་གཉིས་སུ་དབྱེ་ནས་བསྐྱོད་རྒྱུ་སྟེ། 2020ལོ་ནས་2035ལོའི་བར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་བསྐྲུན་དགོས། འབྱུང་འགྱུར་གྱི་ལོ་ལྔ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་འགོ་འཛུགས་པའི་འགག་རྩའི་དུས་སྐབས་ཤིག་ཡིན།
     ལས་འགན་དང་པོ།  
     སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན། འཕེལ་རྒྱས་གཏོང་རྒྱུ་ནི་ཏང་གིས་སྲིད་འཛིན་བྱེད་པ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་ཡིན།
     རྩ་དོན་གལ་ཆེན། 
     མདུན་སྐྱོད་ཀྱི་འགྲོ་ལམ་ཐོག  ངེས་པར་དུ་གཤམ་གསལ་གྱི་རྩ་དོན་གལ་ཆེན་དག་དམ་འཛིན་ནན་པོ་བྱ་དགོས་པ་སྟེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱ་རྒྱུ་མཐའ་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱ་དགོས།
     ཤུགས་རྒྱག་ས། 
     དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་རྣམ་པ་གསར་བའི་བཟོ་ལས་ཅན་སྐུལ་སྤེལ་བཏང་སྟེ་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་དང་། སྤུས་ཚད་ཀྱི་སྟོབས་ལྡན་རྒྱལ་ཁབ། འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ལྡན་རྒྱལ་ཁབ། འགྲིམ་འགྲུལ་གྱི་སྟོབས་ལྡན་རྒྱལ་ཁབ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ། གྲངས་འཛིན་གྱི་ཀྲུང་གོ་བཅས་འཛུགས་སྐྲུན་གང་མགྱོགས་བྱ་དགོས།
     རྒྱལ་ཁབ་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས།
     རང་རྒྱལ་གྱི་དེང་རབས་ཅན་གྱི་འཛུགས་སྐྲུན་སྤྱི་ཡོངས་ནང་གསར་གཏོད་ཀྱི་སྲོག་ཤིང་གི་གོ་གནས་མཐའ་འཁྱོངས་དང་། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་ཆགས་པར་བྱ་དགོས།
     བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ། 
     བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན་པ་དང་། ཆེས་རྒྱ་ཆེ་བ་དང་། ཆེས་དོན་དངོས་དང་། ཆེས་སྤྱོད་གོ་ཆོད་པ་བཅས་ཀྱི་དམངས་གཙོ་ཡིན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་དམངས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ལ་ཞུགས་ཁྱོན་ཆེ་རུ་བཏང་སྟེ། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་གྲོས་མོལ། དམངས་གཙོས་ཇུས་ཐག་གཅོད་པ། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་བྱེད་པར་ཁག་ཐེག་བྱ་དགོས།
     ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། 
     ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། ཁྲིམས་བསྟར་དམ་ནན། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཕྱོགས་གང་ཅིའི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
     སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས། 
     དེང་རབས་ཅན་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་དང་། ་མི་རིགས་དང་། ཚན་རིག  མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་ལ་སྐུལ་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས།
     བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། 
     བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་ཞིང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ་མཐའ་འཁྱོངས་དང་། མང་ལས་མང་ཐོབ་མཐའ་འཁྱོངས། ལས་བརྩོན་ཕྱུག་འགྱུར་ལ་བསྔགས་སྐུལ། གོ་སྐབས་དྲང་སྙོམས་ཡོང་བར་སྐུལ་འདེད། ཡོང་འབབ་དམའ་བའི་ཡོང་འབབ་འཕར་སྣོན། ཡོང་འབབ་འབྲིང་གྲས་ཀྱི་ཚོགས་པ་རྒྱ་སྐྱེད་པ། ཡོང་འབབ་བགོ་བཤའི་སྒྲིག་ལམ་ཚད་ལྡན། རྒྱུ་ནོར་གསོག་འཇོག་གི་ལམ་སྲོལ་ཚད་ལྡན་དུ་གཏོང་བ་བཅས་བྱ་དགོས།
     ནུས་ཁུངས་གསར་པའི་མ་ལག
     རང་རྒྱལ་གྱི་ནུས་ཁུངས་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་པ་དང་། སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་རྒྱུ་མཐའ་འཁྱོངས་དང་། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་བྱ་སྤྱོད་སྤེལ་བ། ནུས་ཁུངས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བ། རྡོ་སོལ་གཙང་ཞིང་ཕན་ནུས་ཆེ་བའི་སྒོ་ནས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཁུངས་མ་ལག་གསར་པ་གང་མགྱོགས་ཀྱིས་འཆར་འགོད་དང་འཛུགས་སྐྲུན་བྱེད་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་བཅས་བྱེད་དགོས།
     ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྱི་ཀྲུང་གོ 
     ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་དང་། བདེ་འཇགས་ཀྱི་གནས་བབ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་སྲུང་བྱ་དགོས། རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་། ལམ་ལུགས་ཀྱི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་དང་། འབྲུ་རིགས་དང་། ནུས་ཁུངས་ཐོན་ཁུངས། ཐོན་ལས་ཕྲེང་ཐག་དང་མཁོ་སྤྲོད་ཕྲེང་ཐག་གལ་ཆེན་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་དང་། རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས།
     འཐབ་ཇུས་ཟིལ་ཤུགས་ཀྱི་མ་ལག
     ང་ཚོས་དམག་སྦྱོང་དང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་།  མི་དམངས་དམག་དཔུང་གིས་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་གཏོང་བ། དམག་དོན་འཐབ་ཇུས་ཀྱི་ཁྲིད་སྟོན་གསར་གཏོད་བྱེད་པ། མི་དམངས་དམག་འཁྲུག་གི་འཐབ་ཇུས་དང་འཐབ་རྩལ་འཕེལ་རྒྱས་གཏོང་བ། འཐབ་ཇུས་ཀྱི་ཟིལ་ཤུགས་དང་སྟོབས་ཤུགས་ཀྱི་མ་ལག་ཆེན་པོ་གཏོད་པ། ས་ཁོངས་གསར་པ་དང་སྤུས་ཚད་གསར་པའི་དམག་འཐབ་སྟོབས་ཤུགས་ཀྱི་བསྡུར་ཚད་ཆེ་རུ་གཏོང་བ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས།
     ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ།
     དུས་རབས་ཀྱིས་ང་ཚོར་རེ་འབོད་བྱེད་ཀྱི་ཡོད་པ་དང་མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་ཀྱི་ཡོད། ཏང་ཡོངས་ཀྱིས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས་སྟེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པ་དང་། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་གཏོད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པའི་རང་རྒྱལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ལྡོག་མེད་ལམ་བུ་ཞིག་ཡིན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི་ཏང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་རྒྱུགས་སྤྲོད་ལམ་བུ་གསར་པའི་ཐོག་ཡག་པོ་སྐྱོད་རྒྱུར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་རེད།
     འཐབ་ཇུས་རང་བཞིན་གྱི་ལས་ཀ
     ཏང་ཡོངས་ཀྱིས་གཞོན་ནུའི་ལས་དོན་དེ་འཐབ་ཇུས་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་ཏེ། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་གཞོན་ནུར་དྲག་ཆས་སྤྲོས་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་ལ་བརྟེན་ནས་གཞོན་ནུ་ཚོ་འགུག་པ། གཞོན་ནུ་གྲོགས་པོ་ཚོའི་བློས་ཐུབ་གྲོགས་པོ་དང་། གཞོན་ནུའི་ལས་དོན་སྒྲུབ་མཁན་གྱི་སྤྲོ་སེམས་ཅན་བྱེད་པ། གཞོན་ནུ་མང་ཚོགས་ཀྱི་ལམ་ཁྲིད་པ་བཅས་བྱེད་དགོས།