འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཚོགས་ཆེན་ཉི་ཤུ་པའི་ཚོགས་ཡུན་དང་གྲོས་རིམ་གཙོ་བོ་ཁྱབ་བསྒྲགས་བྱས་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་15ཉིན། 19:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་མགྲིན་ཚབ་པས་ཟླ་10པའི་ཚེས་15ཉིན་གྱི་ཆུ་ཚོད་16དང་སྐར་མ་30ཡི་ཐོག་མི་དམངས་ཚོགས་ཁང་ཆེན་མོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། 
     ཚོགས་ཆེན་ཉི་ཤུ་པའི་གྲ་སྒྲིག་ལས་ཀ་ཡོངས་རྫོགས་བྱས་ཚར་ཡོད།
     ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་མགྲིན་ཚབ་པས། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་10ཡི་ཐོག་མི་དམངས་ཚོགས་ཁང་ཆེན་མོ་ནས་འགོ་ཚུགས་རྒྱུ་དང་། ཚོགས་ཡུན་ནི་ཟླ་10པའི་ཚེས་16ཉིན་ནས་ཟླ་10པའི་ཚེས་22ཉིན་བར་ཡིན། མིག་སྔར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་གྲ་སྒྲིག་ལས་ཀ་ཡོངས་རྫོགས་བྱས་ཚར་ཡོད་ཅེས་བཤད་པ་རེད། 
     ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་འཆར་ཟིན་འགོད་དུས་མི་4700ལྷག་གི་བསམ་འཆར་བསྡུ་ལེན་བྱས་ཡོད། 
     གསར་འགྱུར་མགྲིན་ཚབ་པས། སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་གྲུབ་རྗེས་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཤིང་། བསམ་འཆར་བསྡུ་ལེན་བྱས་པའི་མི་གྲངས་ཁྱོན་བསྡོམས་4700ལྷག་ཟིན་ཡོད་ཅེས་བཤད་པ་རེད། 
     འཐུས་མི་2296གི་ཐོབ་ཐང་ལ་ཞིབ་བཤེར་བྱེད་པ་བརྒྱུད་ཡོད།
     ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་མགྲིན་ཚབ་པས། ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། འཐུས་མི་2296གི་ཐོབ་ཐང་ལ་ནུས་པ་ཡོད་པའི་ངོས་འཛིན་བྱས། ཁོང་ཚོས་གཞི་རིམ་ཏང་རྩ་འཛུགས་ཁྲི་490ལྷག་ཙམ་དང་ཏང་ཡོན་ཁྲི་9600་ལྷག་ཙམ་གྱི་ཚབ་ཞུས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་རྒྱུ་རེད་ཅེས་བཤད་པ་རེད།
     སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྣམ་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཐུག་འཕྲད་གནང་རྒྱུ་རེད།
     ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་མགྲིན་ཚབ་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲོལ་རྗེས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོག་རྒྱུ་རེད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ་རྗེས། སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ཐུག་འཕྲད་གནང་རྒྱུ་རེད།
     ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་རྒྱུའི་ཐད་ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་མགྲིན་ཚབ་པས་འདི་ལྟར་བཤད་འདུག
     ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་མགྲིན་ཚབ་པས། ད་རེས་ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་པའི་ལས་དོན་ཐད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་གཏན་ལ་ཕབ་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དག་ཏང་གི་སྒྲིག་ཡིག་ནང་བཀོད་དེ། བཟོ་བཅོས་བརྒྱབ་རྗེས་ཀྱི་ཏང་གི་སྒྲིག་ཡིག་ནང་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་གང་ལེགས་མཚོན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བཏོན་པའི་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་བ་དང་། དགོངས་དོན་གསར་བ། འཐབ་ཇུས་གསར་བ་མཚོན་པ། ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་གི་ཉམས་མྱོང་གསར་པ་གང་ལེགས་མཚོན་པ་བཅས་བྱས་ཏེ། དུས་བབ་གསར་པ་དང་ལས་འགན་གསར་པས་ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་ལ་བཏོན་པའི་བླང་བྱ་གསར་པ་དང་འཚམ་པ་བྱེད་དགོས་ཅེས་བཤད་པ་རེད།