༄༅།།ཏང་གི་ཚོགས་ཆེན་ཉི་ཤུ་པ་འདི་འདྲའི་གལ་ཆེ་དོན་ཅི་ཡིན་ནམ།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 10ཚེས་15ཉིན། 14:28】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྐོར་གྱི་དྲི་བ་དྲིས་ལན། ལེ་ཚན་དང་པོ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འདི་འདྲའི་གལ་ཆེ་དོན་ཅི་ཡིན་ནམ།
ཉེ་ཆར། དྲ་གྲོགས་མང་པོ་ཞིག་གིས“ཚོགས་ཆེན་ཐེངས་ཉི་ཤུ་པ་འདི་འདྲའི་གལ་ཆེ་དོན་ཅི་ཡིན་ནམ”ཞེས་འདྲི་བཞིན་འདུག
ང་ཚོས་བཤད་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བསྡུས་མིང་ཡིན། ཚོགས་ཆེན་འདི་ནི་ད་ལོའི་ཟླ་10བའི་ཚེས་16ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད།
འོ་ན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འདི་འདྲའི་གལ་ཆེ་དོན་ཅི་ཡིན་ནམ་ཞེ་ན།
ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་དེ་ལས་བདམས་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལས་ཁུངས་མཐོ་ཤོས་ཡིན། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ལོ་ལྔ་རེར་ཐེངས་རེ་འཚོགས་ཤིང་། དེའི་འགན་དབང་ལ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་ཉན་པ་དང་འབྲེལ་དེར་ཞིབ་བཤེར་བྱ་རྒྱུ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ལ་ཞིབ་བཤེར་བྱ་རྒྱུ། ཏང་གི་གནད་དོན་གལ་འགངས་ཆེ་རིགས་གྲོས་བསྡུར་བྱེད་པ་དང་འབྲེལ་གྲོས་ཐག་གཅོད་རྒྱུ། ཏང་གི་སྒྲིག་ཡིག་བཟོ་བཅོས་བྱ་རྒྱུ། དེ་མ་ཟད། ཚོགས་ཆེན་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་ནས་བདམས་ཐོན་ཡོང་བ་བྱ་རྒྱུ་བཅས་ཡིན།
འཚོག་གྲབས་ཡོད་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་སྐྱོད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན་ཞིང་། ཚན་རིག་དང་མཐུན་པའི་ངང་འབྱུང་འགྱུར་ལོ་5དང་ཐ་ན་དུས་ཡུན་དེ་བས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་དང་། སྲིད་ཇུས་བྱེད་ཕྱོགས་གཏན་འབེབས་བྱ་རྒྱུ་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མུ་མཐུད་རྒྱུན་སྐྱོང་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་བཅས་དང་འབྲེལ་བ་ཡོད། ཏང་གིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དར་ཆ་གང་འདྲ་ཞིག་སྒྲེང་བ་དང་། ལམ་བུ་གང་འདྲ་ཞིག་ཏུ་སྐྱོད་པ། བསམ་པའི་འཁྱེར་ཕྱོགས་གང་འདྲ་ཞིག་འཛིན་པ་དང་། དམིགས་འབེན་གང་འདྲ་ཞིག་གི་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱེད་པ་བཅས་ཁྱབ་བསྒྲགས་ཁ་གསལ་བྱ་རྒྱུ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྐུལ་ལྕག་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱ་ཆེད་ཧུར་བརྩོན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།