འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་ནས་ཐོན་པའི་ཏང་གི་འཐུས་མི། ཉི་སྐྱིད་ལགས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་14ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་ནས་ཐོན་པའི་ཏང་གི་འཐུས་མི། ཉི་སྐྱིད་ལགས།
   ཉི་སྐྱིད་ལགས་ནི་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་འདེམ་འཇོག་གྲོང་ཚོ་ནས་ཡིན་པ་དང་། གྲོང་གསེབ་རང་གི་བུད་མེད་ཅིག་ཡིན།ཡིན་ནའང་། ཉི་སྐྱིད་ལགས་ཀྱི་སྐོར་བཤད་ན། གྲོང་ཚོའི་ནང་དུ་མི་ཤེས་མཁན་གཅིག་ཀྱང་མེད། 
   མི་རིང་བར་ཁོང་པེ་ཅིང་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་རྒྱུ་ཡིན་པའི་གནས་ཚུལ་འདིས་གྲོང་ཚོ་ཡོངས་ཀྱི་མི་རྣམས་སྤོབས་པ་སྐྱེ་རུ་བཅུག་ཡོད།
   འདེམ་འཇོག་གྲོང་ཚོ་འདི་ཉིད་མངའ་རིས་ས་ཁུལ་སྒར་རྫོང་ནུབ་ཕྱོགས་ཀྱི་སྤྱི་ལེ་90ཙམ་གྱི་སར་གནས་ཤིང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིད་4200ཡན་ཡོད་པའི་མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཡིན། 
   ལོ་བཅུའི་སྔོན་དུ་འདེམ་འཇོག་གྲོང་ཚོས་མི་གཞན་ལ་བཞག་པའི་བག་ཆགས་ནི་དབུལ་པོ་དང་རྗེས་ལུས་ཡིན་ནའང་། ལོ་བཅུའི་ནང་། འདི་གར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་པ་རེད། 
    འདེམ་འཇོག་གྲོང་ཚོའི་ལོ་བཅུའི་འཕོ་འགྱུར་དེས་བོད་ཀྱི་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ཕྱིན་པ་མཚོན་ཐུབ་པར་མ་ཟད། ཉི་སྐྱིད་ལགས་ཀྱི་མི་ཚེའི་འགྱུར་ལྡོག་ཀྱང་ཐེག་བཞིན་ཡོད།  སྤྱི་ལོ་1997ལོར་ལོ་13ལ་སླེབས་པའི་ཉི་སྐྱིད་ལགས་ལ་རླངས་འཁོར་དོན་རྐྱེན་ཞིག་ལྷགས་རྗེས་དབང་པོ་སྐྱོན་ཅན་དུ་གྱུར་བ་རེད། ལོ་མང་པོའི་རིང་། ན་ཚ་སྨན་བཅོས་བྱ་ཆེད། ཕ་མ་གཉིས་པོས་ཁྱིམ་གྱི་བསགས་དངུལ་བེད་སྤྱོད་བྱས་ཚར་བ་དང་། བསམ་ཤེས་ཆེ་བའི་ཉི་སྐྱིད་ལགས་ཀྱིས་ཁྱིམ་ལ་ཁུར་པོ་ཇེ་ཡང་གཏོང་ཆེད། མཐོ་རིམ་སློབ་འབྲིང་འགྲིམས་རྗེས་སློབ་གྲྭ་ནས་ཕྱིར་འཐེན་གྱིས་ཁྱིམ་དུ་བསྡད་པ་རེད། 
    ལོ་མང་པོའི་རིང་གི་སྨན་བཅོས་དང་ལུས་གསོའི་སྦྱོང་བརྡར་བྱས་པ་བརྒྱུད། སྤྱི་ལོ་2011ལོར། ཉི་སྐྱིད་ལགས་གཞི་ནས་འཁར་རྒྱུག་གཡུགས་ཏེ་ཁེར་རྐྱང་དུ་འགྲོ་ཐུབ་ཀྱི་ཡོད།  སྐབས་དེ་དུས་ ཁོང་གི་རེ་འདུན་ཆེ་ཤོས་ནི་རང་སྟོབས་རང་སྤེལ་ཐུབ་པ་དང་། ཁྱིམ་ཚང་དབུལ་སྒྲོལ་ཡོང་བར་བྱ་རྒྱུ་དེ་ཡིན། 
   2012ལོར། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་འོག  ཉི་སྐྱིད་ལགས་ཀྱིས་སྒོར་ཁྲི་4ཡི་གྲངས་ཉུང་སྐྱེད་གསབ་དངུལ་བུན་རེ་ཞུ་ཐུབ་སྟེ། གྲོང་ཚོའི་ནང་དུ་ཇ་ཁང་དང་། ཚོང་ཁང་བཙུགས་ཤིང་། གཞུང་དྲང་ལས་ལ་བརྩོན་ཞིང་གཉེར་སྐྱོང་བྱེད་མཁས་པོ་བྱུང་ནས། ཉི་སྐྱིད་ལགས་ཀྱི་ཚོང་ལས་ལ་རིམ་བཞིན་གྲུབ་འབྲས་ཐོབ་པ་དང་། ཁྱིམ་གྱི་འཚོ་བ་ཡང་རིམ་བཞིན་ཇེ་ཡག་ཏུ་ཕྱིན་པ་རེད།
   2016ལོར། ཉི་སྐྱིད་ལགས་ཀྱིས་རང་འགུལ་ངང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ནས་ཕྱིར་འཐེན་གནང་སྟེ། དབུལ་སྒྲོལ་ཐུབ་པ་རེད། 
   ཉི་སྐྱིད་ལགས་ཀྱིས་འབད་བརྩོན་གནང་བའི་གཏམ་རྒྱུད་དེས། མི་མང་པོ་ཞིག་གི་ལྟ་སྟངས་ལ་འགྱུར་བ་བྱུང་བ་དང་། ཁོང་གི་འཚར་ལོངས་དང་སེམས་བཟང་གིས་ཀྱང་ཉེ་འཁོར་གྱི་མི་ཚང་མར་སེམས་འགུལ་ཐེབས་བཞིན་ཡོད། 
   འབད་འཐབ་ཁྲོད་ཀྱི་ཉི་སྐྱིད་ལགས་ལ་མྱོང་ཚོར་ཞིག་ཡོད་པ་ནི། ཏང་གིས་བོད་ཀྱི་མཐའ་མཚམས་ས་ཁུལ་ལ་བཟུང་བའི་སྲིད་ཇུས་བཟང་པོ་དེ་ཡིན་ཞིང་། ཁོང་ལའང་ཏང་ནང་དུ་ཞུགས་རྒྱུའི་བསམ་ཚུལ་སྐྱེས་ཡོད་པ་རེད།
   ཏང་ནང་དུ་ཞུགས་རྗེས་ཀྱི་ཉི་སྐྱིད་ལགས་ལ་ངར་ཤུགས་སྔར་བས་ཆེན་པོ་བསྐྱེད་ཡོད་ཅིང་། ཁོང་གིས་ག་དུས་ཡིན་ནའང་ཏང་ཡོན་ཡིན་པ་མི་བརྗེད་པར། གང་སར་གྲོང་ཚོའི་མིག་དཔེ་འདོན་གྱི་ཡོད་པ་རེད། ཁོང་དང་བཟའ་ཟླས་གྲོང་ཚོའི་ནང་སྐྱེལ་འདྲེན་རླངས་འཁོར་རུ་ཁག་བཙུགས་ཏེ། སྔོན་ལ་དུད་ཁྱིམ་དབུལ་པོའི་ལས་ཞུགས་ཐག་གཅོད་བྱ་རྒྱུ་དམིགས་སུ་བཀར་བ་དང་། ལོ་ལྟར་རྒན་རྒོན་དང་དུད་ཚང་དབུལ་པོར་འཚོ་བའི་མཁོ་ཆས་བསྐྱལ་ནས་འཚམས་འདྲི་ཞུ་བཞིན་ཡོད།
    ཉིན་འགའི་རྗེས་སུ་ཉི་སྐྱིད་ལགས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་རྒྱུ་ཡིན་ཞིང་། ཁོང་གིས་མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་གི་ཏང་གི་འཐུས་མིའི་ངོས་ནས། ཧ་ཅང་གཟི་བརྗིད་ཡིན་པ་དང་། ཕྲག་ཏུ་འཁུར་བའི་འགན་འཁྲི་སྔར་ལས་ལྕི་རུ་ཕྱིན་པའི་ཚོར་སྣང་བྱུང་ཞེས་གསུངས་པ་རེད།