འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མུ་མཐུད་དུ་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་མཁན་ཞིག་བྱེད་རྒྱུ་ཡིན་ཟེར། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་13ཉིན། 18:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།མུ་མཐུད་དུ་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་མཁན་ཞིག་བྱེད་རྒྱུ་ཡིན་ཟེར།
     “ཏང་གི་འཐུས་མི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་ལ། དུས་མཚུངས་སུ། འགན་འཁྲི་ཡང་ཧ་ཅང་ལྕི་པོ་འདུག་བསམ་གྱི་ཡོད”ཅེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་གྲོང་མི་སྒྲོལ་དཀར་ལགས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་འདི་ལྟར་གསུངས།
     ཡུལ་སྨད་ཤང་ནི་ལྷུན་རྩེ་རྫོང་གི་མཐའ་མཚམས་ཤང་གྲོང་ཞིག་ཡིན་པ་དང་དུས་རབས་གོང་མའི་ལོ་རབས་60པ་ནས་བཟུང་གི་དུས་ཡུན་རིང་པོ་ཞིག་གི་ནང་། སྤྱི་ལེ་གྲུ་བཞི་མ་སྟོང་ཕྲག་ཁ་ཤས་ཟིན་པའི་རྒྱལ་ཁབ་ས་ཆའི་ཐོག་སངས་རྒྱས་ཆོས་པས་རང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་གཉིས་འཁྲིད་དེ་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་ནས་སྡོད་ཡོད།
     2017ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་ཡིག་ལན་སྤྲིངས་པ་དེས་རྒྱལ་ཡོངས་ཀྱི་མི་འབོར་ཉུང་ཤོས་ཀྱི་ཡུལ་སྨད་ཤང་དེ་མི་རྣམས་ཀྱི་མིག་ལམ་དུ་འཆར་ཡོད་པ་རེད། 
     དུས་ཡུན་རིང་པོའི་ནང་། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོས་ཕ་ཡི་འདུན་པ་རྒྱུན་འཛིན་བྱས་ནས“རང་ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པ། ཕྱུགས་འཚོས་མཐའ་སྲུང་ནི་འགན་འཁྲི་ཡིན”ཞེས་པའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་མཐའ་འཁྱོངས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་གྱི་སྒོ་ནས། གངས་ལྗོངས་ས་མཐོར་གཞི་ཚུགས་ཏེ་ཕྱུགས་འཚོས་ནས་སྐོར་གཡེང་བྱེད་པའི་བྱ་ཐབས་ཐོག་ནས་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་སྲུང་སྐྱོང་བྱས་ཏེ་རྒྱལ་གཅེས་མཐའ་སྲུང་གི་དུས་རབས་ཀྱི་བསྟོད་གླུ་བརྩམས་ཡོད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ“འབད་འཐབ་བྱེད་མཁན”དང་། “དུས་རབས་ཀྱི་མིག་དཔེ།” “རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ།” སྐབས་བདུན་པའི“རྒྱལ་ཡོངས་ཀྱི་ལས་བརྩོན་ལེགས་སྐྱེས་སྤྱོད་བཟང་དཔེ་བཟང”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་རེད།
     “འགྱུར་ལྡོག་ཧ་ཅང་ཆེན་པོ་འདུག སྔོན་མར་དགུན་ཁར་ཁ་བ་ཆེན་པོས་རི་ལམ་བཀག་གི་ཡོད་པས། ལོ་ཕྱེད་སྔོན་ནས་འཚོ་བའི་དངོས་རྫས་གྲ་སྒྲིག་བྱེད་དགོས། ད་ཆ་ལམ་ཤར་གཏོང་ཐུབ་པས་འཚོ་བའི་དངོས་ཟོག་སྣ་ཚོགས་དུས་ཐོག་ཏུ་ཉོ་ཐུབ་ཀྱི་ཡོད། གློག་ཤར་གཏོང་ཐུབ་པས། གློ་བུར་དུ་གློག་ཆད་པར་སེམས་ཁྲལ་བྱེད་མི་དགོས། ལྷག་པར་དུ་ཡུལ་སྨད་ཤང་ལ་དེ་སྔ་སློབ་གྲྭ་མེད་སྟབས་ཤང་ནང་གི་ཕྲུ་གུ་ཚོ་ལ་ཀླུང་བརྒལ་ནས་སློབ་གྲྭར་སྐྱོད་དགོས་ཀྱི་ཡོད། 2017ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་ཡུལ་སྨད་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང་བསྐྲུན་པ་དང་ཆབས་ཅིག་སློབ་གྲྭ་དང་འཕྲོད་བསྟེན་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་རེད། དེ་སྔ་ཡུལ་སྨད་ནི་ཆ་འཕྲིན་དར་ཁྱབ་མེད་པའི་ཁེར་རྐྱང་གི་གླིང་ཕྲན་ལྟ་བུ་ཞིག་ཡིན་ལ་ད་ཆ་4Gབརྡ་རྟགས་ཤང་ཡོངས་ལ་ཁྱབ་ཡོད། ཕྱི་ལ་འཛད་སྤྱོད་བྱེད་སྐབས་ད་དུང་དྲ་ཐོག་ནས་གཏོང་སྤྲོད་ཐུབ་ཀྱི་ཡོད། དུད་ཚང་ཚང་མས་ཁྱིམ་ཚང་མགྲོན་ཁང་དང་། ཇ་ཁང་། ཚོང་ཁང་ཆུང་གྲས་སོགས་གཉེར་གྱི་ཡོད་པས་འཚོ་བ་ཧ་ཅང་ཡག་པོ་ཡོད”ཅེས་ལོ་དེ་དག་ནང་ཡུལ་སྨད་ཤང་གི་འཕེལ་རྒྱས་འགྱུར་ལྡོག་གླེང་སྐབས་སྒྲོལ་དཀར་གྱིས་སྐད་ཆ་ཆུ་རྒྱུག་རྒྱུག་བཤད་ཀྱི་ཡོད།
   ཡུལ་སྨད་ཤང་གི་བུད་མེད་ཚོའི་མཐོང་རྒྱ་ཆེ་རུ་བཏང་ནས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་པ་བྱ་ཆེད། སྒྲོལ་དཀར་གྱིས་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་མཐའ་མཚམས་ཀྱི་བུད་མེད་མང་ཚོགས་སྤེལ་རེས་དང་སློབ་སྦྱོང་བྱེད་པའི་སྒྲིག་འཛུགས་དགོས་པའི་རེ་ཞུ་ཧུར་ཐག་བྱས་པ་དེར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མཐོང་ཆེན་ཐོབ་ཡོད། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷོ་ཁ་དང་ཉིང་ཁྲི་གྲོང་ཁྱེར་གཉིས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་ཐོག“ཡིག་ལན་སེམས་ལ་ངེས་པ་དང་ས་སྲུང་བརྩོན་ལེན་བྱེད་པའི”བྱེད་སྒོ་ཇུས་འགོད་ཞིབ་ཚགས་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས། 2021ལོའི་ཟླ་10པར་ཡུལ་སྨད་ཤང་གི་བུད་མེད་མང་ཚོགས་36སྒྲིག་འཛུགས་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་མེ་ཏོག་རྫོང་དུ་དུས་ཡུན་ཉིན་དྲུག་གི་མཐའ་མཚམས་ཞིབ་འཇུག་སློབ་མའི་བྱེད་སྒོ་སྤེལ་བ་རེད།
     ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོའི་ནང་། བུད་མེད་མང་ཚོགས་36ཀླུ་ནང་གི་རྒྱལ་ཡོངས་བོད་སྐྱོར་འགྲེམས་སྟོན་ཁང་དང་མེ་ཏོག་རྫོང་གི་རྒྱལ་གཅེས་མཐའ་སྲུང་གསར་བརྗེའི་སློབ་གསོའི་རྟེན་གཞི་སོགས་སུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་དེ། གསར་བརྗེའི་དྲན་འཆར་བསྐྱར་དྲན་བྱས་ནས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་གཅེས་པའི་བརྩེ་སེམས་སྐྱེད་སྲིང་བྱས་པ་རེད། དུས་མཚུངས། ཁོང་ཚོས་ད་དུང་མེ་ཏོག་རྫོང་མེ་ཏོག་གྲོང་ཚོའི་ལྷ་ཀུང་ཇ་བཟོ་གྲྭ་དང་། བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོ། སྤོ་མེས་རྫོང་རིན་ཆེན་འགྲུལ་ཁང་བཅས་སུ་ཇ་འདེབས་འཛུགས་ལག་རྩལ་ལ་ལྟ་སྐོར་དང་སློབ་སྦྱོང་བྱས་ནས་ཁྱིམ་ཚང་མགྲོན་ཁང་གི་གཉེར་སྐྱོང་ཉམས་མྱོང་ལ་ཁེངས་སྐྱུང་ངང་སློབ་སྦྱོང་བྱས་པ་རེད།
     ཉེ་བའི་ལོ་ཤས་རིང་། བོད་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པ་དང་དམངས་ཕན་མཐའ་བརྟན་སྲིད་ཇུས་སྣ་ཚོགས་ཀྱིས་རྒྱབ་སྐྱོར་བྱས་པར་བརྟེན། 2021ལོར་ཡུལ་སྨད་ཤང་གི་དཔལ་འབྱོར་སྤྱིའི་ཡོང་འབབ་སྒོར་ཁྲི་910ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་38848.4ཟིན་ནས། རང་ལྗོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་དབུལ་སྒྲོལ་མང་ཚོགས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23975.9ཟིན་ཡོད།
     ལོ་དེ་དག་ནང་སྒྲོལ་དཀར་གྱིས་མང་ཚོགས་ལ་ཕན་བདེ་བསྐྲུན་པ་དང་ཆབས་ཅིག ཁོང་ཚོའི་སྣེ་ཁྲིད་དེ་མཉམ་དུ་མཐའ་སྲུང་མཐའ་སྐྱོང་བྱས་ཡོད། ད་ཆ་རང་ཉིད་ཀྱི་ཕ་ཡུལ་དུ་ཉིན་བཞིན་འགྱུར་ལྡོག་འགྲོ་བ་དང་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་མཐོང་སྐབས་སྒྲོལ་དཀར་གྱིས“སྔོན་ཆད་ཡུལ་སྨད་དུ་ང་ཚོ་ཕ་དང་བུ་མོ་གསུམ་ལས་མེད། ད་ཆ་ཕྱོགས་ཁག་འཕེལ་རྒྱས་ཧ་ཅང་ཡག་པོ་ཡོད། དེ་དག་ཚང་མ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་དམིགས་བསལ་ཐུགས་ཁུར་གནང་བ་ལས་བྱུང་བ་ཞིག་རེད”ཅེས་བཤད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཞིག་ཡིན་པའི་ངོས་ནས། ངས་ད་ཐེངས་ཀྱི་གོ་སྐབས་ལ་གཅེས་སྤྲས་ལྡབ་འགྱུར་བྱས་ནས་འཐུས་མིའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་། ཚོགས་ཆེན་གྱི་དགོངས་དོན་ལ་གོ་བ་ཡག་པོ་བླངས་ཏེ་ཚུར་ལོག་རྗེས་དྲིལ་བསྒྲགས་ཡག་པོ་བྱས་ནས་མཐའ་མཚམས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མེས་རྒྱལ་གྱི་ས་ཆ་སྔར་བས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད། 
༄༅།།མུ་མཐུད་དུ་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་མཁན་ཞིག་བྱེད་རྒྱུ་ཡིན་ཟེར།