༄༅།།ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 10ཚེས་13ཉིན། 18:16】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་གོའི་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་2022ལོའི་ཟླ་10ཚེས་9ནས་12ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།
ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།
(2022ལོའི་ཟླ་10བའི་ཚེས་12ཉིན། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་གྲོས་འཆམ་བྱུང་།)
ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་2022ལོའི་ཟླ་10བའི་ཚེས་9ཉིན་ནས་ཚེས་12ཉིན་བར་པེ་ཅིང་དུ་འཚོགས།
གྲོས་ཚོགས་ལ་ཞུགས་པའི་ཀྲུང་དབྱང་ཨུ་ཡོན་199ཡོད་པ་དང་རྗེས་སྣོན་ཨུ་ཡོན་159ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།
ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མགོ་འཛིན་གནང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་2022ལོའི་ཟླ་10བའི་ཚེས་16ཉིན་པེ་ཅིང་དུ་འཚོག་རྒྱུ་གཏན་ཁེལ་བྱས།
ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངག་བཅོལ་ལྟར་སྙན་ཞུ་ཕུལ་བར་ཉན་པ་དང་གྲོས་བསྡུར་བྱས། ཚང་འཛོམས་གྲོས་ཚོགས་ལས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་སྙན་ཞུ་ཕུལ་བར་གྲོས་འཆམ་བྱུང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་སྙན་ཞུ་ཕུལ་བར་གྲོས་འཆམ་བྱུང་ལ།《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)》ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བས། ཡིག་ཆ་དེ་3པོ་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་སྤྲད་དེ་ཞིབ་བཤེར་དང་གྲོས་ཞིབ་བྱེད་པར་ཐག་གཅོད་བྱས། ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཕུལ་བའི་སྙན་ཞུའི་གྲོས་བསྡུར་མ་ཟིན་ཕྱོགས་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་། ཝང་ཧུའུ་ཉིང་གིས《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)》གྱི་གྲོས་བསྡུར་མ་ཟིན་ཕྱོགས་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་།
ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ལས་དོན་ལ་ཁས་ལེན་གང་ལེགས་གནང་། ལོ་གཅིག་གི་རིང་རྙོག་འཛིང་ལྡན་ལ་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་འགན་འཁྲི་ལྕི་བའི་རྒྱལ་ནང་གི་སྒྱུར་བཅོས་དང་གོང་འཕེལ། བརྟན་བརླིང་བཅས་ཀྱི་ལས་འགན་གྱི་མདུན་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་ནས། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་བ་དང་། བརྟན་ཐོག་ཡར་བརྩོན་གྱི་བྱ་བའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཤིང་། རིམས་ནད་འགོག་ཐུབ་པ་དང་དཔལ་འབྱོར་བརྟན་བརླིང་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡིན་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ལ། ཏོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་ལ་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་དམ་འཛིན་ཡག་པོ་བཅས་བྱས་ཤིང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་དང་། སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་བཏང་བ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་གོང་འཕེལ་བཏང་ཡོད། དྲིལ་བསྒྲགས་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ལ་ཤུགས་བསྣན་ཞིང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཉིས་འབུར་དུ་ཐོན་པར་བྱས་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཧུར་ཐག་གིས་སྤེལ་བ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལེགས་པོར་གཉེར་ཞིང་། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར་25ལོན་པར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཁ་བྲལ་ལ་ངོ་རྒོལ་དང་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཆེན་པོ་མཐའ་གཅིག་ཏུ་སྤེལ་ལ། ཡུག་རེན་གྱི་ཉམས་ཉེན་ལས་བྱུང་བའི་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འོས་འཚམ་བཅལ་བ་བཅས་བྱས་ཏེ། བརྟན་བརླིང་དང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་དར་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་ཧུར་ཐག་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གལ་ཆེའི་གྲུབ་འབྲས་གསར་པ་བླངས་ནས། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་པར་ཆ་རྐྱེན་བཟང་བོ་བསྐྲུན་དགོས་པའི་ཐུན་མོང་གི་ངོས་འཛིན་གནང་།
ཚང་འཛོམས་གྲོས་ཚོགས་སྟེང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་5ཡི་ལས་དོན་ལ་ཕྱོགས་བསྡོམས་གནང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་5ཡིན། ལོ་5ཡི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་ལས་གཞི། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་གྱུར་འཆར་འགོད་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ལ། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་། ཏོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བ་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་པ་དང་། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་བསྣན་ལ། རང་འགུལ་ངང་གོང་འཕེལ་གྱི་གནས་བབ་གསར་པ་གཏོད་པ་དང་། སྒྱུར་བཅོས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཧུར་ཐག་གིས་གོང་སྤེལ་བཏང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་འབུར་ཐོན་དུ་བཟུང་བ། སྟོབས་ཤུགས་གཅིག་བསྡུས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཤིང་། ཉེན་ཁ་ཚབས་ཆེན་འགོག་སེལ་དང་། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོའི་བརྟན་ལྷིང་རྒྱུན་འཁྱོངས་བྱས། ཤུགས་ཆེན་པོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཁྱོན་ཡོངས་ནས་སྤེལ་བ་དང་། ཕྱོགས་ཡོངས་ནས་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེའི་བཟོ་འགོད་གསར་བར་སྐུལ་འདེད་བཏང་ཡོད། དུས་བཅད་ལྟར་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་འགྲུབ་བྱས་པ། ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་གྱུར་བྱུང་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་ཐོག་བསྐྱོད་པ། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་མགོ་བརྩམས་ཡོད། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་པ་དང་། ལོ་རྒྱུས་ཀྱི་གྲོས་ཆོད་ཨང་གསུམ་པ་གཏན་འབེབས་བྱས་ཤིང་། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ནས་ཏང་ཡོངས་ལ་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེར་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་གནང་ཡོད། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཐོག ཏོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་པའི་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། བཀག་འགོག་དམག་འཐབ་བཅས་སྤེལ་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་གཞིགས་ནས་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་བཅོས་སྐྱོང་བྱེད་པའི་དབང་ཆ་ལག་བསྟར་ནུས་ལྡན་བྱས་པ་དང་། རྒྱལ་གཅེས་པས་ཞང་ཀང་སྐྱོང་བའི་རྩ་དོན་དོན་འཁྱོལ་བྱས་པས། ཞང་ཀང་གི་དུས་བབ་དེ་ཟང་ཟིང་ནས་བཅོས་སྐྱོང་བྱེད་པར་འགྱུར་ལྡོག་གལ་ཆེན་བྱུང་ཡོད། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱས་ཏེ། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་དང་། ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་བརྟན་པོ་དང་ནུས་པ་ཆེན་པོ་གསལ་སྟོན་བྱས་ཡོད། རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་དང་རྒྱལ་ནང་གི་ཆབ་སྲིད་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཅས་བྱས་ཏེ། འཐབ་རྩོད་ཁྲོད་རྒྱལ་ཁབ་ཀྱི་ལ་རྒྱ་དང་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱས་པས། རང་རྒྱལ་གྱི་གོང་འཕེལ་དང་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་འཛིན་བྱས་ཡོད། ལོ་5ཡི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་དང་བདེན་སྲུང་གསར་གཏོད་ཀྱིས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པར་བྱས་ཏེ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ཛ་དྲག་ཆེ་ལ་རྙོག་འཛིང་ལྡན་པའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བྱས་ཡོད་ལ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཞིང་། དུས་ཡུན་རིང་པོའི་ནང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཞིག་ཐག་གཅོད་དང་ཕུགས་རྒྱང་རིང་པོ་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་བྱ་བ་གལ་ཆེན་མང་པོ་བསྒྲུབས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་པའི་ངོས་འཛིན་གནང་ཡོད།
ཚང་འཛོམས་གྲོས་ཚོགས་སྟེང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་5རིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་མགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན་ནས་ཐོབ་པ་ཞིག་ཡིན། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དེའི་ཐོག་ནས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དེ་ནི་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ལ་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ཡིན། ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”མཐོར་འདེགས་སུ་གཏོང་བ། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། དཀའ་སྤྱད་འབད་འབུངས་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པར་ནན་གྱིས་བསྟན་ཡོད།
ཚང་འཛོམས་གྲོས་ཚོགས་སྟེང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བར་སྤྱི་བསྡོམས་བྱས། ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་མགོ་ཁྲིད་འོག རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཡིག་གིས་སྤྲད་པའི་འགན་འཁྲི་བློ་དཀར་སེམས་དཀར་གྱིས་ལག་བསྟར་བྱས་པ་དང་། ཏང་གི་རང་ངོས་གསར་བརྗེའི་འཐབ་ཇུས་བཀོད་སྒྲིག་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་མཐའ་གཅིག་ཏུ་ལག་བསྟར་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་བསྲིངས་ལྷོད་མེད་ངང་དོན་འཁྱོལ་བྱས་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་མོ་དང་གསལ་བོ་བཟོས་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་པ། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། ཆབ་སྲིད་ཀྱི་སྐོར་གཟིགས་གཏིང་ཟབ་ཏུ་བཏང་བ། ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་བྱ་སྤྱོད་དང་རུལ་སུངས་ཀྱི་གནད་དོན་ཐག་གཅོད་བྱས་པ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་སྐུལ་འདེད་བཏང་བ་མ་ཟད་ཁྱོན་ཡོངས་ནས་སྲ་བརྟན་དུ་བཏང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་བ། སྒྲིག་བཤེར་ལྟ་ཞིབ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། ཚན་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚད་གཞི་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་བ། བློ་དཀར་སེམས་དཀར་དང་དྭངས་གཙང་། འགན་ཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་བྱས་པ། སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་ངང་གོང་འཕེལ་ཡོང་རྒྱུར་ཕན་འབྲས་གསར་པ་ཐོབ་པ་བཅས་ཀྱི་ངོས་འཛིན་གནང་།
ཚང་འཚོམས་གྲོས་ཚོགས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་མཱ་གོ་ཆང་དང་ཝང་ཉིང་། ཝང་ཝེ་ཀྲུང་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་གསབ་སྣོན་བྱ་རྒྱུ་གཏན་ཁེལ་བྱས།
ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཧྥུའུ་ཀྲིན་ཧྭ་དང་ཧྲིན་ཏེ་ཡུང་། ལི་ཅཱ། ཀྲང་ཅིན་ཧྭ་བཅས་ཀྱི་སྒྲིག་འགལ་ཁྲིམས་འགལ་གནད་དོན་ཚབས་ཆེན་སྐོར་གྱི་ཞིབ་བཤེར་སྙན་ཞུ་ལ་གྲོས་འཆམ་བྱུང་སྟེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དེ་སྔ་ཧྥུའུ་ཀྲིན་ཧྭ་དང་ཧྲིན་ཏེ་ཡུང་། ཀྲང་ཅིན་ཧྭ་བཅས་ལ་ཏང་ཁོངས་ནས་ཕྱིར་ཕུད་པའི་ཆད་པ་བཅད་པ་དང་། ལི་ཅཱ་ཡི་ཏང་ནང་ཁུལ་གྱི་གོ་གནས་ཕྱིར་འཐེན་བྱས་པའི་ཆད་པར་ཁས་ལེན་བྱས།
ཚང་འཛོམས་གྲོས་ཚོགས་ཀྱིས་མིག་སྔའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཤིང་། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གནད་དོན་གལ་ཆེན་སྐོར་ཞིག་གྲོས་བསྡུར་ཟབ་མོ་བྱས་ཏེ། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་པར་གྲ་སྒྲིག་གང་ལེགས་བྱས།
|
ཀྲུང་གོའི་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་2022ལོའི་ཟླ་10ཚེས་9ནས་12ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། |