འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཉམས་འགྱུར། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཁག་
དང་པོའི་གོམ་རྩལ་ལུས་རྩལ་པ་ཆོས་དབྱིངས་སྐྱིད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་13ཉིན། 17:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཉམས་འགྱུར། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཁག་
དང་པོའི་གོམ་རྩལ་ལུས་རྩལ་པ་ཆོས་དབྱིངས་སྐྱིད།
   ཆོས་དབྱིངས་སྐྱིད། 1990ལོའི་ཟླ་11པར་མཚོ་སྔོན་ཞིང་ཆེན་ཧེ་ཡན་རྫོང་གན་ཝ་འགྱོགས་ཆུ་ཞང་གི་འབྲོག་ཁྱིམ་དཀྱིས་མ་ཞིག་ཏུ་སྐྱེས། རྩྭ་ཐང་དུ་ནར་སོན་པའི་ཁོ་མོ་ནི་ཆུང་དུས་ནས་ལུས་རྩལ་ལ་དགའ་པོ་ཡོད། 2006ལོའི་ཟླ་9པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭར་ཞུགས་པ་ནས་བཟུང་། ནམ་ཞིག་ལ་ལུས་རྩལ་པ་ངོ་མ་ཞིག་ཏུ་འགྱུར་རྒྱུའི་ཕུགས་འདུན་བཅངས་ཡོད། 
   2008ལོའི་ཟླ་4པར། ལུས་རྩལ་གྱི་ལྷན་སྐྱེས་ནུས་པ་རིམ་བཞིན་མངོན་པའི་ཆོས་དབྱངས་སྐྱིད་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་གོམ་རྩལ་རུ་ཁག་ཏུ་ཚུད། དད་སེམས་བརྟན་པོ་དང་དཀའ་སྤྱད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཆོས་དབྱིངས་སྐྱིད་ཀྱིས་སྦྱོང་བརྡར་བྱེད་ཐེངས་རེར་ཧ་ཅང་ནན་ཏན་བྱེད་ཀྱི་ཡོད། ལྷག་པར་དུ། སྤྲོ་སྣང་གི་གཤིས་ཀ་དང་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་ལྡན་པས། ཁོ་མོ་ཚད་མཐོའི་སྦྱོང་བརྡའི་བྱེད་ཐེངས་རེའི་ནང་མགྱོགས་མྱུར་ངང་འཚར་ལོངས་བྱུང་ལ་སྦྱང་འབྲས་ཀྱང་རིམ་བཞིན་ཇེ་ལེགས་སུ་ཕྱིན་ཡོད། 
   2010ལོའི་ཟླ་6པར། ཆོས་དབྱིངས་སྐྱིད་རྒྱལ་ཁབ་རུ་ཁག་གི་གཅིག་སྡུད་སྦྱོང་བརྡར་ནང་དངོས་སུ་ཚུད་པ་རེད། དུས་དེ་ནས་བཟུང་། ཁོ་མོས་སྦྱོང་བརྡར་གྱི་སྟེགས་བུ་དེ་བས་མཐོ་བ་དང་ནུས་པ་དེ་བས་ཆེ་བ་འདོན་པའི་ཁྲོད་ནས། སྤྱིའི་རྩལ་འགྲན་ཆུ་ཚད་ལ་ངོ་བོའི་ཐོག་ནས་མཆོང་སྐྱོད་ལྟ་བུའི་མཐོར་འདེགས་བྱུང་བ “ཡངས་པོའི་རྒྱ་མཚོར་ཉ་མོ་རྐྱལ་རྐྱལ་དང་། །མཐའ་ཡས་ནམ་མཁར་བྱ་རྒྱལ་འཕུར་འཕུར། ”ཞེས་པ་ལྟར་རེད།
   2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཐོག ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད་1དང་སྐར་མ་25དང་སྐར་ཆ་16གི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་སྤྱི་ལེ་20ཡི་གོམ་རྩལ་འགྲན་བསྡུར་གྱི་དངུལ་གྱི་རྟགས་མ་ཐོབ་པ་དང་། (2022ལོའི་ཟླ་3ཚེས་22ཉིན་གསེར་གྱི་རྟགས་མ་རྗེས་གསབ་བྱས་པ།)ཨེ་ཤེ་ཡའི་ཟིན་ཐོ་གསར་པ་བཏོད་དེ། རང་རྒྱལ་གྱི་ཨོ་རྩལ་འགྲན་ཚོགས་ཁྲོད་གསེར་གྱི་རྟགས་མ་ཐོབ་མཁན་བོད་རིགས་ལུས་རྩལ་པ་དང་པོར་གྱུར་ཞིང་། མཚོ་སྔོན་ཞིང་ཆེན་ལ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་དེ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
   2016ལོར། ཆོས་དབྱིངས་སྐྱིད་ལི་གཡོད་ཨོ་རྩལ་འགྲན་ཚོགས་ནང་སླར་ཡང་ཞུགས་ནས་ཨང་ལྔ་པ་ཐོབ་པ་དང་། 2017ལོའི་སྐབས་བཅུ་གསུམ་པའི་ཐེན་ཅིན་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཁྲོད་ཨང་གཉིས་པ་ཐོབ་པ། 2018ལོར་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐའི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ནང་སྤྱི་ལེ་20ཡི་གོམ་རྩལ་འགྲན་བསྡུར་ཁྲོད་དངུལ་གྱི་བྱ་དགའ་ཐོབ་པ། 2019ལོའི་ཟླ་3པར་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐྱེས་མའི་སྤྱི་ལེ་20ཡི་གོམ་རྩལ་འགྲན་བསྡུར་ཁྲོད་འཛམ་གླིང་སྐར་གསོག་གི་ཨང་དང་པོ་ཐོབ་པ། ལོ་དེའི་ཟླ་9པར་ཏོ་ཧའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་ནང་སྐྱེས་མའི་གོམ་རྩལ་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་བཅས་རེད།
   2021ལོའི་ཏུང་ཅིང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཁྲོད། ཆོས་དབྱིངས་སྐྱིད་ཀྱིས་སྐྱེས་མའི་སྤྱི་ལེ་20ཡི་གོམ་རྩལ་འགྲན་བསྡུར་ཁྲོད་ཨང་བདུན་པ་ཐོབ་པར་ཡིད་འཕངས་ནའང་། ཁོ་མོས་གནོན་ཤུགས་ཆེན་པོར་གདོང་གཏད་ནས་ལྷོད་ངལ་ཙམ་ཡང་མེད་པར་
ཧྲའན་ཞི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཤིང་། ལིའུ་ཧུང་དང་། དབྱང་ཅ་ཡུས། དབྱང་ལིའུ་ཅིང་སོགས་འཛམ་གླིང་གི་གྲགས་ཅན་ལུས་རྩལ་པ་དང་འགྲན་བསྡུར་བྱས་ནས། ཞུམ་མེད་ཀྱི་སྙིང་རུས་དང་འགྱུར་མེད་ཀྱི་བློ་སྟོབས་ལ་བརྟེན་ནས་མཚོ་སྔོན་འཐུས་ཚབ་ཚོགས་པར་རྩ་ཆེའི་དངུལ་གྱི་རྟགས་མ་ཞིག་བླངས། 
   ཆོས་དབྱིངས་སྐྱིད་ཨོ་རྩལ་འགྲན་ཚོགས་སྐབས་གསུམ་ལ་ཞུགས་ཤིང་། མཚོ་སྔོན་གྱི་གོམ་རྩལ་འགྲན་བསྡུར་གྱི་ལོ་རྒྱུས་བཏོད་དེ། མཚོ་སྔོན་ཞིང་ཆེན་གྱི་བསྟུད་མར་ཐེངས་གསུམ་ལ་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་ལུས་རྩལ་པ་ཨང་དང་པོར་གྱུར་ཡོད་ལ། རང་རྒྱལ་གྱི་བསྟུད་མར་ཐེངས་གསུམ་ལ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཞུགས་པའི་བོད་རིགས་ལུས་རྩལ་པ་དང་པོའང་གྱུར།
   རྒྱུན་འཁྱོངས་བྱེད་པར་དཀའ་ལས་ཁག་མོད། དཀའ་བ་སྤྱད་ན་གྲུབ་འབྲས་ཐོབ་ངེས། 2022ལོའི་ཟླ་4ཚེས་23ཉིན། སི་ལོ་ཝ་ཁེའི་2022ལོའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་གོམ་རྩལ་འགྲན་བསྡུར་གྱི་སྐོར་སྐྱོད་འགྲན་བསྡུར་ཐོག ཆོས་དབྱིངས་སྐྱིད་ཀྱིས་སྔར་བཞིན་རྩལ་འགྲན་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས་ཆུ་ཚོད་2དང་སྐར་མ་43དང་སྐར་ཆ་06གི་ཐོག་ནས་སྐྱེས་མའི་སྤྱི་ལེ་35ཡི་གོམ་རྩལ་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་མ་ཟད། མི་སྒེར་གྱི་རྣམ་གྲངས་དེའི་གྲུབ་འབྲས་ཡག་ཤོས་བཏོད་ཡོད་པ་རེད།
   2022ལོའི་ཟླ་5ཚེས་29ཉིན། པེ་ཅིང་གི་དུས་ཚོད་ཐོ་རེངས་སུ་མཇུག་བསྒྲིལ་བའི་2021/22ཀྱི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་གོམ་རྩལ་འགྲན་བསྡུར་སྐོར་སྐྱོད་འགྲན་བསྡུར་སི་ཕེན་ལ་ཁི་ལུའུ་ཉི་ཡ་ས་ཚིགས་ཀྱི་སྐྱེས་མའི་སྤྱི་ལེ་20ཡི་གོམ་རྩལ་འགྲན་བསྡུར་རྣམ་གྲངས་ནང་། ཆོས་དབྱིངས་སྐྱིད་ཀྱིས་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་ཤིང་། དེ་ནི་ཁོ་མོས་འགྲན་དུས་དེའི་གོམ་རྩལ་འགྲན་བསྡུར་ནང་ཨང་དང་པོ་བླངས་པ་ཐེངས་གསུམ་པ་རེད།
   བོད་ཀྱི་འབྲོག་ཁྱིམ་དཀྱུས་མའི་བུ་མོ་ཞིག་ནས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་གོམ་རྩལ་འགྲན་བསྡུར་གྱི་ལུས་རྩལ་པར་གྱུར་པ་དང་། ཐེངས་དང་པོར་ལོན་ཏོན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ་ནས་ཏུང་ཅིང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་བར། ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་ནས་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ནས་སི་ཕེན་གྱི་ལ་ཁི་ལུའུ་ཉི་ཡའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་གོམ་རྩལ་སྐོར་སྐྱོད་འགྲན་བསྡུར་ནང་ཞུགས་བར། མཚོ་སྔོན་མཐོ་སྒང་གི་བོད་ཀྱི་བུ་མོ་ཞིག་གིས་དཀའ་བ་ཚད་མེད་སྤྱད་ནས་མདུན་སྐྱོད་བྱས་ཏེ། རང་ཉིད་ལས་རྣམ་པར་རྒྱལ་བའི་ཕྱོགས་སུ་འབད་འཐབ་ཀྱིས་བསྐྱོད་ཅིང་། འཛམ་གླིང་སྐྱེ་བོ་ཀུན་ཧང་སངས་བར་བྱས་ཤིང་བསྔགས་བརྗོད་ཚད་མེད་ཐོབ་ཅིང་། རང་ཉིད་ཀྱི་འོད་སྟོང་འཕྲོ་བའི་དུས་སྐབས་ཡང་ཡང་བསུས་ནས་འཛམ་གླིང་ལ་མཚོ་སྔོན་མི་དམངས་ཀྱི་ཉམས་འགྱུར་ངོམ་ཡོད།
   རྒྱལ་སྤྱིའི་འགྲན་བསྡུར་གྱི་བྱ་དགའ་མཐོ་ཤོས་ལེན་པའི་སྟེགས་བུའི་ཐོག་ཐེངས་མང་བསྐྱོད་མྱོང་ཡོད་པའི་ཆོས་དབྱིངས་སྐྱིད་ནི་མཚོ་སྔོན་དུ་ཀུན་ལ་གྲགས་པའི་ཕུལ་བྱུང་གི་ལུས་རྩལ་མི་སྣ་ཞིག་ཏུ་གྱུར་ཡོད། དེའི་རྒྱབ་ཏུ་ཁོ་མོས་ལུས་རྩལ་ལ་བཅངས་པའི་བརྩེ་བ་དང་དགའ་ཞེན། དེ་བཞིན་ནམ་ཡང་བློས་གཏོང་མི་བྱེད་པའི་འབད་པ་དང་ཧུར་བརྩོན་ཡོད། 
   “ལོ་མང་པོའི་རིང་ལ་རྒྱུན་འཁྱོངས་བྱས་པ་གཙོ་བོ་ནི་ལུས་རྩལ་ལ་དགའ་བས་ཡིན་ལ། ད་དུང་སྔ་རྗེས་སུ་གྲུབ་འབྲས་ཕྲན་བུ་རེ་ཐོབ་རྗེས། རང་ཉིད་ཀྱི་འབད་བརྩོན་གྱིས་མི་གཞན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རྟོགས་བྱུང་ལ། མི་དེ་བས་མང་པོས་ང་ལ་དཔེ་བྱས་ནས་ལུས་རྩལ་གྱི་ལམ་བུར་ཞུགས་བཞིན་འདུག་ལ།  ད་དུང་འབྲོག་ཁུལ་གྱི་ཕྲུ་གུ་དེ་བས་མང་པོས་ལུས་རྩལ་གྱི་ལམ་བུར་བསྐྱོད་དེ་རང་ཉིད་ཀྱི་དམིགས་ཡུལ་དང་། རིན་ཐང་། ཕུགས་འདུན་བཅས་འཚོལ་བཞིན་ཡོད་པ་མཐོང་བྱུང་། ”ཞེས་ཆོས་དབྱིངས་སྐྱིད་ཀྱིས་བཤད། དང་ཐོག་ང་རང་གཅིག་པུ་ནས་ད་ལྟ་མི་མང་པོར་ཤུགས་རྐྱེན་ཐེབས་ནས་ང་དང་མཉམ་དུ་འབད་པ་བྱེད་བཞིན་པ་འདིས་ངས་རང་ཉིད་ཀྱིས་རྒྱུན་འཁྱོངས་དང་འབད་པ་བྱས་པ་ནི་ཧ་ཅང་རིན་ཐང་ལྡན་ཞིག་རེད་བསམ་བཞིན་ཡོད། ངས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་སྲིད། 
   ཁོ་མོས་བལྟས་ན། ཏང་ཡོན་རྒན་གྲས་ཤིག་དང་ཕུལ་བྱུང་གི་ལུས་རྩལ་པ་ཞིག་ཡིན་པའི་ངོས་ནས། ཕུལ་བྱུང་གི་ལུས་རྩལ་གྱི་སྦྱངས་འབྲས་ཡོད་དགོས་པ་མ་ཟད། བསམ་པའི་བྱང་ཚད་ཀྱང་ཡག་པོ་ཞིག་དགོས་ཀྱི་ཡོད། དེར་བརྟེན་འགྲན་བསྡུར་ཕུད། ཆོས་དབྱིངས་སྐྱིད་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་བྱ་རྒྱུ་དེ་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་ལས་འགན་ཨང་དང་པོར་བརྩིས་ནས། བྲེལ་འཚུབ་ཆེ་བའི་སྦྱོང་བརྡར་དང་འགྲན་བསྡུར་གྱི་ཞོར་དུ་དུས་ཚོད་ཡོད་ཚད་སྤྱད་དེ་དཔེ་དེབ་དང་ཚགས་པར་ཀློག་པ་དང་། རླུང་འཕྲིན་དང་བརྙན་འཕྲིན་ལ་ལྟ་ཉན་བྱས་ཤིང་། སྐབས་དོན་གསར་འགྱུར་ལྟ་ཀློག་བྱས་ཏེ། རང་ངོས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་འབད་འབུངས་ཡར་བརྩོན་གྱི་ཡིད་ཆེས་དང་དད་སེམས་བརྟན་དུ་བཏང་ཡོད།
    ཆོས་དབྱིངས་སྐྱིད་ཀྱིས“མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མིར་བདམས་པ་དེ་ངའི་གཟི་བརྗིད་ལྡན་བླ་ན་མེད་པ་ཞིག་ཡིན་ལ། འགན་འཁྲི་ཧ་ཅང་ལྕི་མོ་ཡོད་པའི་ཚོར་སྣང་ཡང་བྱུང། འདི་ནི་ཏང་དང་མི་དམངས་ཀྱིས་ང་ལ་ཡིད་ཆེས་དང་སྐུལ་ལྕག་གནང་བ་ཞིག་ཀྱང་རེད།  ངས་ཡིད་ཆེས་དང་སྐུལ་ལྕག་དེ་འགན་འཁྲི་གཙང་སྒྲུབ་བྱེད་པའི་སྒུལ་ཤུགས་དང་སྤྲོ་སེམས་སུ་བསྒྱུར་ནས། མུ་མཐུད་དཀའ་སྤྱད་ཀྱིས་འགྲན་བསྡུར་བྱས་ནས་རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་སྟེ། བྱ་སྤྱོད་དངོས་དང་ཕུལ་བྱུང་གི་ལུས་རྩལ་གྲུབ་འབྲས་ལ་བརྟེན་ནས་ཕ་ཡུལ་དང་མེས་རྒྱལ་ལ་གཟི་བརྗིད་ཀྱི་མཚན་སྙན་དེ་བས་མང་བ་བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན།”ཞེས་བསྟན།