འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་22ཉིན།

༄༅།།སྤྱི་བདེ་པུས་བཀོད་འདོམས་བྱས་ནས་མཚོ་སྔོན་དུར་ལམ་གྱི་བང་སོ་བསྔོགས་བཅོམ་གྱི་གྱོད་གཞི་རྩད་ཆོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་22ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།སྤྱི་བདེ་པུས་བཀོད་འདོམས་བྱས་ནས་མཚོ་སྔོན་དུར་ལམ་གྱི་བང་སོ་བསྔོགས་བཅོམ་གྱི་གྱོད་གཞི་རྩད་ཆོད་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་བདེ་པུའི་གཅིག་གྱུར་བཀོད་འདོམས་ལྟར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ཧོ་ནན་དང་། ཧྲན་ཤིས། ཀྲེ་ཅང་། ཡུན་ནན་སོགས་ཀྱི་སྤྱི་བདེ་ལས་ཁུངས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། ཉེ་ཆར་དུར་ལམ་གྱི་གནའ་བོའི་རིག་གནས་ཤུལ་བཞག་གནའ་བོའི་བང་སོ་བསྔོགས་བཅོམ་བྱས་པའི་གྱོད་གཞི་གྲུབ་འབྲས་ཐོབ་པའི་ངང་རྩད་ཆོད་དེ། བསྔོགས་བཅོམ་བྱེད་པ་དང་། ལྐོག་ནས་མ་དངུལ་གཏོང་བ། བརྐུས་དངོས་བཙོང་བ་སོགས་དང་འབྲེལ་བའི་ཉེས་གསོག་དོགས་ཅན་26འཛིན་བཟུང་ཐུབ་པ་མ་ཟད། རྐུས་ཤོར་རིག་དངོས་སྣ་ཚོགས་646ལག་ཏུ་སོན་ནས། རིག་དངོས་ཉེས་གསོག་གི་ལྷུ་ཚིགས་ཧྲིལ་པོར་རྡུང་རྡེག་བཏང་བ་འདི་ནི་རྒྱལ་ཡོངས་ཀྱི་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན།
          གྱོད་འབྲེལ་རིག་དངོས་600ལྷག་ཙམ་དང་འབྲེལ་བའི་ཉེས་གསོག་དོགས་ཅན་26ཚང་མ་འཛིན་བཟུང་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱི་རིག་དངོས་དང་འབྲེལ་བའི་གྱོད་གཞི་ཆེ་ཤོས་ཏེ། དུར་ལམ་གྱི་བང་སོ་བསྔོགས་བཅོམ་གྱི་གྱོད་གཞི་ཆེན་པོ་དེ་ཉེ་ཆར་རྩད་ཆོད་པ་རེད། གྱོད་གཞི་དེའི་འཛིན་བཟུང་ཐུབ་པའི་མི་མང་བ་དང་གྱོད་འབྲེལ་རིག་དངོས་ཀྱི་རིམ་པ་མཐོ་བར་བརྟེན་ཕྱོགས་ཁག་གིས་དོ་ཁུར་ཆེན་པོ་བྱས་ཡོད། གྱོད་གཞི་མྱུལ་ཞིབ་དང་མཉམ་ལས་ཐད་ཀྱང་དཔྱད་གཞིར་འཛིན་རིན་ཡོད་པའི་ཉམས་མྱོང་མང་པོ་ཞིག་བསགས་ཡོད་པ་རེད།
        རིམ་པ་དང་པོའི་རིག་དངོས་ཁག་16ལག་ཏུ་ཐེབས་ནས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་རིག་དངོས་གྱོད་གཞི་ཆེ་ཤོས་རྩད་ཆོད་པ།
        ད་ཐེངས་ཀྱི་གྱོད་གཞི་དེའི་ནང་གྱོད་འབྲེལ་རིག་དངོས་ཁག་646ཡོད་པར་རྒྱལ་ཁབ་རིག་དངོས་དོ་དམ་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་གྱིས་བརྟག་དཔྱད་བྱས་པ་བརྒྱུད། རིམ་པ་དང་པོའི་རིག་དངོས་ཚོ་14དང་གྲངས་16དང་། རིམ་པ་གཉིས་པའི་རིག་དངོས་ཚོ་49དང་གྲངས་77 རིམ་པ་གསུམ་པའི་རིག་དངོས་གྲངས་132 སྤྱིར་བཏང་གི་རིག་དངོས་གྲངས་421བཅས་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་སུའོ་ཡི་ཚའེ་ལིན་ཧའེ་ཡིས་རིག་དངོས་དེ་དག་སྤྱིར་ན་གནའ་དཔྱད་སྣོད་དང་རྒྱན་ཆའི་རིགས་ཆེ་གྲས་གཉིས་སུ་དབྱེ་ཆོག་པ་དང་། རྒྱན་ཆ་དེ་དག་མི་དང་། རྟ། སྒམ་སོགས་ལ་འདོགས་བྱེད་ཀྱི་རྒྱན་ཆ་ཡིན། སྣོད་ཀྱི་རིགས་དེ་དག་ལྕགས་རིགས་ཀྱི་སྣོད་དང་གཡང་ཊིའི་སྣོད་དུ་དབྱེ་ཡོད་པའི་ནང་གཟི་དང་། ཀོ་རཉྫ། གཡུ་སོགས་ཚུད་ཡོད་པ་ལས་སྐབས་དེའི་སྤྱི་ཚོགས་ཀྱི་ཉམས་འགྱུར་དང་རིག་གནས་འཚོ་བ་མཚོན་གྱི་ཡོད་ཅེས་བཤད།
        གྱོད་གཞི་དེ་དང་འབྲེལ་བའི་རིག་དངོས་མང་བ་དང་རིག་དངོས་ཀྱི་རིམ་པ་མཐོ་བར་བརྟེན་ཕྱོགས་ཁག་གིས་དོ་ཁུར་ཆེན་པོ་བྱས་ཡོད། དུར་ལམ་རྫོང་གི་རྫོང་དཔོན་གཞོན་པ་དང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཧྥན་ཙེང་ཀྲེ་ཡིས། གྱོད་གཞིའི་ཁུངས་སྣེ་2017ལོའི་ལོ་མཇུག་ཏུ་བྱུང་བ་དང་མཚོ་སྔོན་ཞིང་ཆེན་རིག་དངོས་སྡེ་ཚན་གྱིས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ལ་མཚོ་ནུབ་ཀྲོའུ་དུར་ལམ་རྫོང་ནས་ཐོན་པའི་རིག་དངོས་མཚོ་སྔོན་གྱི་ས་ཁོངས་ནང་ལྐོག་ཚོང་བྱ་སྲིད་པའི་ཁུངས་སྣེ་གལ་ཆེན་ཞིག་མཁོ་འདོན་བྱས། ཁུངས་སྣེ་འབྱོར་རྗེས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་འཕྲལ་མ་ཉིད་དུ་ཆེད་མི་བཀོད་སྒྲིག་བྱས་ནས་ཐེར་འདོན་ཁུངས་སྣེའི་དངོས་ཡོད་རང་བཞིན་ལ་ཞིབ་དཔྱད་བསྡུར་བཤེར་བྱས་པ་དང་། ཟླ་གསུམ་ཙམ་རིང་དཀའ་ཚེགས་ངང་ལས་དོན་བསྒྲུབས་པ་བརྒྱུད། གྱོད་གཞི་དེ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཆུ་ཁོལ་བང་སོའི་ཚོགས་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་། སྤྱི་བདེ་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་3ཚེས་15ཉིན་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་སྣེ་ཁྲིད་དེ་མཚོ་ནུབ་ཀྲོའུ་སྤྱི་བདེ་ཅུས་དང་མཚོ་ནུབ་ཀྲོའུ་དུར་ལམ་རྫོང་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་པ་ཧྲག་པོ་15ཟུར་འཐེན་བྱས་ནས“3·15”ཡི་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ཏེ་ཕྱོགས་ཡོངས་ནས་མྱུལ་ཞིབ་བྱས་ཡོད་ཅེས་བཤད།
        མྱུལ་ཞིབ་བྱེད་རིང་། ཆེད་དོན་གྱོད་གཞི་ཚོགས་ཆུང་གིས་རིག་དངོས་ལྐོག་ཚོང་བྱེད་མཁན་ཉེས་གསོག་དོགས་ཅན་ལ་མྱུལ་རྒོལ་ནུས་པ་ངེས་ཅན་ལྡན་ལ་གཡོ་སྒྱུ་དང་དོགས་པ་ཚ་བས་རིག་དངོས་ལ་ལྟ་བའི་ས་ཆ་ཐེངས་མང་བརྗེ་པོ་བརྒྱབ་པ་ཤེས་རྟོགས་བྱུང་ཡོད། ཆེད་དོན་གྱོད་གཞི་ཚོགས་ཆུང་གིས་ཉེས་གསོག་དོགས་ཅན་གྱིས་དུར་ལམ་རྫོང་གི་ཁུལ་ཆུང་ག་གེ་མོ་ཞིག་གི་སུའུ་ཆེ་གེ་མོའི་ཁྱིམ་དུ་རིག་དངོས་ཉོ་མཁན་གྱིས་རིག་དངོས་ལ་ལྟ་རྒྱུ་ཡིན་པའི་གསང་འཕྲིན་ཤེས་རྗེས། འཕྲལ་མར་ཉེན་རྟོག་པ་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། ཟླ་3ཚེས་17ཉིན་གྱི་ཉིན་དགུང་དུར་ལམ་རྫོང་གི་ཁྲོམ་གཞུང་ནས་རིག་དངོས་ལ་བལྟས་ཟིན་པའི་རིག་དངོས་ཉོ་མཁན་གསུམ་པོ་འཛིན་བཟུང་ཐུབ་པ་དང་དུས་མཚུངས། སུའུ་ཆེ་གེ་མོའི་ཁྱིམ་ནས་གནའ་བོའི་བང་སོ་བསྔོགས་བཅོམ་གྱི་ཉེས་གསོག་དོགས་ཅན་སུའུ་ཆེ་གེ་མོ་དང་ཞ་ཆེ་གེ་མོ་གཉིས་འཛིན་པ་དང་རང་སར་བང་སོ་ནས་བཏོན་པའི་རིག་དངོས་གྲངས་614རྩད་ཆོད་པ་རེད། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་སྤྱི་བདེ་པུའུ་ལ་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུས་པ་དང་ཆབས་ཅིག སྤྱི་བདེ་པུའི་སྒྲིག་འཛུགས་མཐུན་སྦྱོར་འོག་ཧོ་ནན་དང་། ཧྲན་ཤིས། ཀྲེ་ཅང་སོགས་སུ་མཉམ་དུ་བརྟག་དཔྱད་ཀྱི་ལས་དོན་བསྒྲུབས་པ་རེད།
        སྔར་བས་མྱུལ་ཞིབ་བྱས་པ་བརྒྱུད་གྱོད་འབྲེལ་མི་སྣ་གཞན་གྱི་ཆ་འཕྲིན་ཤེས་རྟོགས་བྱུང་རྗེས། སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་དང་ཟི་ལིང་གྲོང་ཁྱེར་ནས་གནའ་བོའི་བང་སོ་བསྔོགས་བཅོམ་གྱི་དོགས་གཞི་ཡོད་མཁན་དུར་ལམ་ནས་ཡིན་པའི་ཉེས་གསོག་དོགས་ཅན་དང་དེ་བཞིན་ཉེས་གསོག་ལས་བྱུང་བའི་གྱོད་འབྲེལ་རིག་དངོས་གཡོ་འགེབས་དང་ས་ཆ་གཞན་ལ་དབོར་མཁན་ཉེས་གསོག་དོགས་ཅན་མི་6འཛིན་བཟུང་ཐུབ་ཡོད། དེ་རྗེས་ཆེད་དོན་ཚོགས་ཆུང་ལ་བང་སོ་བསྔོགས་བཅོམ་གྱི་ཉེས་གསོག་ཚོགས་པ་སྒྲིག་འཛུགས་མཁན་སུན་ཆེ་གེ་མོའི་ཁུངས་སྣེ་གལ་ཆེན་རག་པ་དང་སྦྲགས་མཚོ་སྔོན་ཝུའུ་ལན་རྫོང་ནས་འཛིན་བཟུང་བྱས་རྗེས་ཧོ་ནན་ཞིང་ཆེན་དང་ཧྲན་ཤིས་ཞིང་ཆེན་སོགས་ནས་གནའ་བོའི་བང་སོ་བསྔོགས་བཅོམ་བྱེད་མཁན་ཉེས་གསོག་དོགས་ཅན་7སླར་ཡང་འཛིན་བཟུང་ཐུབ་པ་དང་འབྲེལ་གྱོད་འབྲེལ་རིག་དངོས་ཁག་32ཀྱང་ལག་ཏུ་སོན་པ་རེད།
        ཝུའུ་ཡན་པང་གིས་ཟླ་4ལྷག་ཙམ་བརྒྱུད། ད་ཐེངས་ཀྱི་གྱོད་གཞི་དང་འབྲེལ་བའི་མི་སྣ་ཡོངས་རྫོགས་འཛིན་བཟུང་ཐུབ་པ་དང་རིག་དངོས་གཅིག་ཀྱང་བར་དུ་ཐིམ་མེད་པས་རིག་དངོས་ཉེས་གསོག་ལ་རྡུང་རྡེག་ནུས་ལྡན་གཏོང་ཐུབ་པ་བྱུང་ཡོད་ཅེས་བཤད།
       སྤྱི་བདེ་པུས་བཀོད་འདོམས་དང་ཞིང་ཆེན་དང་། ཀྲོའུ། རྫོང་བཅས་ཀྱི་སྤྱི་བདེ་ལས་ཁུངས་དབར་གཞོགས་འདེགས་དམ་ཟབ་བྱས་ཁར་སྤྱི་བདེ་དང་། ཞིབ་དཔྱོད་ཁང་། རིག་དངོས་སྡེ་ཚན་བཅས་ཕན་ཚུན་མཉམ་ལས་བྱས་པ།
       “3·15”ཡི་ཆེད་དོན་གྱོད་གཞི་མྱུལ་ཞིབ་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཆེད་ངན་པ་རྩ་མེད་བཟོ་བ་དང་གྱོད་འབྲེལ་ཉེས་ཅན་གཅིག་ཀྱང་ཐར་པར་མི་གཏོང་བ། ཉེས་གསོག་དོགས་ཅན་ཆད་ལུས་ཀྱི་གྱོད་གཞི་མ་ཐོན་པ། དཔང་རྟགས་ཁུངས་བཙན་པ་བཅས་བྱས་ནས་ཚོགས་པ་དེར་ཕྱོགས་ཡོངས་ནས་རྡུང་རྡེག་བཏང་བས་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཟིལ་རྔམ་ཆེན་པོ་ཞིག་ཆགས་པ་མ་ཟད། སྤྱི་བདེ་པུས་གྱོད་གཞི་དེ་སྤྱི་བདེ་པུའི་སྒྲུབ་སྐུལ་གྱོད་གཞིའི་ནང་བཅུག་ནས་གྱོད་གཞི་མྱུལ་ཞིབ་ལ་ཕྱོགས་ཡོངས་ནས་བདའ་འདེད་གཏོང་བ་དང་སྒྲིག་འཛུགས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་དང་མཚོ་ནུབ་ཀྲོའུ་སྤྱི་བདེ་ལས་ཁུངས་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་ལས་དོན་བསྒྲུབས་པར་བརྟེན། ཆེད་དོན་གྱོད་གཞི་ཚོགས་ཆུང་གིས་ཉེས་འཁུར་བྲོས་བྱོལ་མི་སྣ་ནུས་ཤུགས་ཡོད་རྒུས་རྗེས་འདེད་བཏང་ནས་བྲོས་བྱོལ་མི་སྣ་ཡིབ་ས་སོགས་ལ་ལས་དོན་སྤེལ་ཡོད། ཟླ་6ཚེས་10ཉིན། བང་སོ་བསྔོགས་བཅོམ་བྱེད་མཁན་ཉེས་གསོག་དོགས་ཅན་ཁུང་ཆེ་གེ་མོ་ཧོ་ནན་ནས་འཛིན་བཟུང་ཐུབ་ཡོད། ཟླ་6ཚེས་11ཉིན་སྤྱི་བདེ་པུས་རིམ་པ་Aཡི་འཛིན་བཟུང་བཀའ་རྒྱ་ཡོངས་བསྒྲགས་བྱས་པའི་ཁག་གསུམ་པའི་རིག་དངོས་ཉེས་གསོག་གི་བྲོས་བྱོལ་མི་སྣ་10ཡོངས་བསྒྲགས་བྱས་པའི་ནང་གྱོད་གཞི་དེའི་ཉེས་གསོག་དོགས་ཅན་གཙོ་བོ་ཝང་ཅན་ཐའོ་དང་ཧན་དབན་ལི་ཚུད་ཡོད། སྤྱི་བདེ་ལས་ཁུངས་ཀྱི་འཛིན་བཟུང་བཀའ་རྒྱ་དྲག་པོ་བཏང་བའི་འོག ཝང་ཅན་ཐའོ་དང་ཧན་དབན་ལི་སྔ་རྗེས་སུ་ཀྲེ་ཅང་ཐེན་ཐའེ་དང་ཧོ་ནན་ཀྲེན་ཀྲོའུ་ནས་འཛིན་བཟུང་ཐུབ་པ་དང་གྱོད་གཞི་དེའི་བྲོས་བྱོལ་ཉེས་ཅན་པ་ཀྲུའུ་ཆེ་གེ་མོའང་ཡུན་ནན་ཁྲུའུ་ཞུང་ནས་འཛིན་བཟུང་ཐུབ་པ་རེད།
        གྱོད་གཞི་འདི་རྩད་ཆོད་པ་ནི། རྒྱལ་ཁབ་ཀྱིས་རིག་དངོས་ཉེས་གསོག་ལ་རྒྱུན་མཐུད་རྡུང་རྡེག་གཏོང་བའི་འོག སྤྱི་བདེ་པུས་ཞིང་ཆེན་དང་། ཀྲོའུ། རྫོང་བཅས་ཀྱི་སྤྱི་བདེར་བཀོད་འདོམས་བྱས་ནས་གཞོགས་འདེགས་དམ་ཟབ་བྱས་པའི་གྲུབ་འབྲས་ཤིག་ཡིན། ཧྥན་ཙེང་ཀྲེ་ཡིས། ཐེངས་འདིའི་གྱོད་གཞིར་བཀྲག་མདངས་འཚེར་ས་མི་ཉུང་བ་ཞིག་འདུག ཞིབ་དཔྱོད་ཁང་སྔ་ས་ནས་ཞུགས་པ་དང་རིག་དངོས་སྡེ་ཚན་གྱིས་གཞོགས་འདེགས་བྱས་ནས་དབྱེ་ཞིབ་དང་མཛུབ་ཁྲིད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
        རིག་དངོས་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི་འཚོལ་ཞིབ་ཧུར་ཐག་བྱས་པ།
       ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ཁོལ་བང་སོའི་ཚོགས་ནི་དུར་ལམ་རྫོང་ཆུ་ཁོལ་ཤང་གི་ཞུའེ་ཝེ་རྩྭ་ཐང་དུ་གནས་པ་དང་། ཁྱོན་བང་སོ་300ལྷག་ཡོད་པ་ལས་གནའ་དཔྱད་རྟོག་ཞིབ་བརྒྱུད་ཐོ་འགོད་བྱས་པའི་བང་སོ་232ཡོད་པ་དང་། འདི་ནི་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་རབས་ལྷོ་མ་དང་བྱང་མའི་དུས་ནས་སུའེ་ཐང་རྒྱལ་རབས་བར་གྱི་བང་སོའི་ཚོགས་ཤིག་ཡིན་པ་རེད། 1983ལོར་རིག་གནས་པུས་རང་རྒྱལ་གྱི་གནའ་དཔྱད་སྐོར་གྱི་གསར་རྙེད་ཆེན་པོ་དྲུག་གི་གྲས་སུ་གཏན་འཁེལ་བྱས་ཤིང་། 1996ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཁག་བཞི་པར་ཡོངས་བསྒྲགས་བྱས་པ་དང་ཆབས་ཅིག “1996ལོའི་རྒྱལ་ཡོངས་ཀྱི་གནའ་དཔྱད་སྐོར་གྱི་གསར་རྙེད་ཆེན་པོ་བཅུའི”གྲས་སུ་ཡང་བདམས་པ་རེད།
        རིམ་ཁག་སྲིད་གཞུང་གིས་བྱེད་ཐབས་མང་པོ་སྤྱད་ཀྱང་། རིག་དངོས་ཁྱབ་རྒྱ་ཆེ་བ་དང་སྲུང་སྐྱོང་སྒྲིག་གཞི་དང་ཆེད་ལས་མི་སྣ་ཉུང་བ་སོགས་ཀྱི་རྐྱེན་གྱིས་ཆུ་ཁོལ་བང་སོའི་ཚོགས་སྲུང་སྐྱོང་ལས་དོན་ཡག་པོ་མ་བྱུང་བར། ཉེ་བའི་ལོ་ཤས་རིང་བང་སོ་བསྔོགས་བཅོམ་གྱི་དོན་རྐྱེན་མང་པོ་ཐོན་ཡོད་པ་རེད། ཐེངས་འདིའི་གྱོད་གཞི་ལས་ས་སྟོང་དུ་ཡོད་པའི་བང་སོ་སྲུང་སྐྱོང་བྱེད་པར་མི་དང་གྲོན་དངུལ་དཀོན་པའི་གནད་དོན་མངོན་ཡོད། སྲུང་སྐྱོང་སྔར་བས་ཡག་པོ་བྱ་ཆེད། མཚོ་ནུབ་ཀྲོའུ་སྲིད་གཞུང་གིས“3·15”གྱོད་གཞིའི་རྗེས་མཐུད་ལས་དོན་ཐད་ཆེད་དོན་གྲོན་དངུལ་སྤྲད་པ་མ་ཟད། ད་དུང་ཆུ་ཁོལ་ས་ཁུལ་གྱི་རིག་དངོས་སྐོར་སྲུང་བྱ་རྒྱུར་རླངས་འཁོར་2ཀྱང་བཀོད་སྒྲིག་བྱས་པ་དང་། སྤྱི་བདེ་ཁོངས་གཏོགས་ཀྱིས་དུར་ལམ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་རིག་དངོས་སྲུང་སྐྱོང་རུ་འབྲིང་བཙུགས་ནས་ཉེན་རྟོག་པ་སྔར་བས་མང་བ་བཀོད་སྒྲིག་བྱས་པ་དང་། རིག་དངོས་ཁོངས་གཏོགས་ཀྱིས། ས་སྟོང་གི་རིག་དངོས་སྲུང་སྐྱོང་པས་ཆུ་ཚོད་24དངོས་སྡོད་ལྟ་སྲུང་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཁར། ཆུ་ཚོད་24རིང་དུས་ངེས་མེད་ངང་རིག་དངོས་སྲུང་སྐྱོང་སྐོར་ཞིབ་བྱེད་པའི་ལམ་ལུགས་ཀྱང་བཙུགས་པ་རེད། སྤྱི་བདེ་དང་རིག་དངོས་སྡེ་ཚན་གྱིས་གཞོགས་འདེགས་མཉམ་འཐབ་བྱས་ནས་རིག་དངོས་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བཙུགས་ཏེ་རྡུང་རྡེག་གཏོང་རྒྱུ་དང་འགོག་ཟོན་བྱ་རྒྱུ་གལ་ཆེ་མཉམ་འཛིན་བྱས་པས་རིག་དངོས་ཉེས་གསོག་ལ་རྡུང་རྡེག་འགོག་ཟོན་བྱེད་པའི་ཕུགས་ཕན་ལམ་སྲོལ་རགས་ཙམ་ཆགས་ཡོད་པ་རེད།
         བང་སོ་སྲུང་སྐྱོང་ཐད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི་རྐུས་ཤོར་བང་སོའི་གནའ་དཔྱད་སྔོག་འདོན་འཆར་གཞིར་ཆོག་མཆན་ཐོབ་པ་དང་ཆབས་ཅིག རྒྱལ་ཁབ་རིག་དངོས་ཅུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཆུ་ཁོལ་རྒྱལ་ཁབ་གནའ་དཔྱད་ཞིབ་འཇུག་རྟེན་གཞི་འཛུགས་རྒྱུ་ཡིན་པ་རེད། ཉེ་ཆར། སྤྱི་ཚོགས་ཚན་རིག་ཁང་དང་། པེ་ཅིང་སློབ་ཆེན། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་སུའོ་སོགས་ཀྱི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་ཚོགས་པས་སྔོག་འདོན་བྱ་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་ཀྱི་ཅུས་ཀྲང་ཉིའུ་ཅུན་གྱིས། སླད་ཕྱིན་དེང་རབས་ཀྱི་ས་སྟོང་གནའ་དཔྱད་ཚད་གཞི་ལྟར་ཁྱབ་ཁོངས་དང་སྒྲིག་གཞི་མང་པོ་མཉམ་ལས་བྱས་ནས་སྤུས་ཚད་མཐོ་བ་དང་། བླང་བྱ་ནན་པ། འཆར་གཞི་ཡོད་པ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་དུར་ལམ་ཆུ་ཁོལ་ས་ཁུལ་གྱི་དུས་ཡུན་རིང་པོའི་གནའ་དཔྱད་སྔོག་འདོན་ཞིབ་འཇུག་ལས་དོན་བསྒྲུབས་ཏེ་དུར་ལམ་ས་ཁུལ་གྱི་རིག་གནས་ཤུལ་བཞག་གི་ལོ་རྒྱུས་རིག་གནས་རིན་ཐང་དང་། དེ་བཞིན་ཤར་ནུབ་རིག་གནས་སྤེལ་རེས་དང་། དར་གོས་ལམ་བུ་དང་ཨེ་ཤེ་ཡ་ལྷོ་མའི་དོག་ལམ་སྣོལ་མཚམས་ཐད་ཀྱི་དམིགས་བསལ་རིན་ཐང་གནས་བབ་ལ་གཙོ་གནད་ཐོག་ཞིབ་འཇུག་བྱ་རྒྱུ་དང་ཆབས་ཅིག ཚན་རྩལ་སྲུང་སྐྱོང་དང་། གསར་གཏོད་འགྲེམས་སྟོན། བརྒྱུད་བསྒྲགས་མཉམ་སྤྱོད་སོགས་ཀྱི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ནས་ཆུ་ཁོལ་བང་སོའི་ཚོགས་དང་དེ་བཞིན་མཚོ་བོད་ས་མཐོའི་གནའ་དཔྱད་ཞིབ་འཇུག་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པར་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།