མི་དམངས་དྲ་བ།

༄༅།།ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པས། བྱང་ཁོ་རེ་ཡ་དང་འབྲེལ་བ་ཡོད་པའི་ཆོད་དོན་གསར་
ཤོས་ཀྱི་ཐོག་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་ལངས་ཕྱོགས་གཅིག་
མཐུན་མཚོན་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་08ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་7ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ཀེང་ཧྲོང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཡིས་ཉེ་དུས་གྲོས་འཆམ་བྱས་པའི་གྲོས་ཆོད་ཨང་2371པའི་ཐོག་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་ལངས་ཕྱོགས་གཅིག་མཐུན་མཚོན་ཞིང་། ཀྲུང་གོ་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ཁོ་རེ་ཡ་བྱང་མའི་གླིང་ཕྱེད་ཀྱི་གནད་དོན་ནི་གྲོས་མོལ་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་དགོས་པའི་འདོད་ཚུལ་འཛིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས"ཕྱོགས་གཉིས་པོས་གནས་སྐབས་མཚམས་འཇོག"དང"ཕྱོགས་གཉིས་མཉམ་སྒུལ"གྱི་བསམ་བཀོད་ལ་རོགས་སྐྱོར་བྱེད་པའི་འདོད་ཚུལ་འཛིན་བཞིན་ཡོད་བརྗོད་པ་རེད། 
         ཟླ་8ཚེས་6ཉིན། ཁོ་རེ་ཡ་བྱང་མ་ཡིས་ཉེ་ཉུས་མདེལ་ལམ་འཕུར་མདའ་ཚོད་འཕེན་བྱས་པའི་གནད་དོན་ལ་དམིགས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང་2371པར་གཅིག་མཐུན་ཐོག་གྲོས་འཆམ་བྱས་པ་རེད། ཀེང་ཧྲོང་གིས། གྲོས་ཆོད་དེ་ནི་གླིང་ཕྱེད་ཀ་དང་ས་ཁུལ་དེའི་ཞི་བདེ་དང་བདེ་འཇགས་སྲུང་བ་དང་། གླིང་ཕྱེད་དུ་རྡུལ་ཕྲན་མཚོན་ཆ་མེད་པ་དང་རྒྱལ་སྤྱིའི་ཐོག་རྡུལ་ཕྲན་ཁྱབ་ཏུ་མི་འཇུག་པའི་མ་ལག་གི་དམིགས་འབེན་ལ་སྐུལ་སྤེལ་གཏོང་བ་དང་འཚམ་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་དགོངས་དོན་དང་མཐུན་པས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལངས་ཕྱོགས་གཅིག་མཐུན་མཚོན་ཡོད་ཅེས་བརྗོད་པ་རེད། ཀོང་ཧྲོང་གིས། གྲོས་ཆོད་དུ་ཁོ་རེ་ཡ་བྱང་མ་ལ་བྱེད་ཐབས་གསར་པ་སྤྱད་པ་དང་དུས་མཚུངས་སུ། བཀག་སྡོམ་བྱེད་ཐབས་སྤྱོད་སྐབས་གྲོས་ཆོད་དུ་བཀག་སྡོམ་མ་བྱས་པའི་དཔལ་འབྱོར་ལས་སྒོ་དང་། མཉམ་ལས། འབྲུ་རིགས་རྒྱབ་སྐྱོར། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སོགས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་པས་བཀག་སྡོམ་མ་བྱས་པའི་ལས་སྒོའི་རིགས་ལ་གནོད་སྐྱོན་མི་ཕོག་པར་བྱེད་དགོས་ཚུལ་བསྟན་པ་རེད། 
         གྲོས་ཆོད་ནང་དུ་ཁོ་རེ་ཡ་བྱང་མའི་གླིང་ཕྱེད་དང་ཨ་ཤེ་ཡའི་བྱང་ཤར་གྱི་ཞི་བདེ་དང་བརྟན་ལྷིང་བསྲུང་དགོས་པའི་ནན་བཤད་བྱས་པ་དང་། ཞི་བདེ་དང་། ཕྱི་འབྲེལ། ཆབ་སྲིད་བཅས་ཀྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་དགོས་པ་དང་། ཕྱོགས་དྲུག་པོའི་གྲོས་མོལ་སླར་གསོ་དགོས་པ་མ་ཟད། འབྲེལ་ཡོད་ཕྱོགས་ཀྱིས་གླིང་ཕྲན་ཕྱེད་ཀའི་ཛ་དྲག་གི་གནས་སྟངས་ཇེ་ལྷུག་ཏུ་གཏོང་རྒྱུའི་རེ་འབོད་བྱས་པ་རེད། ཁོང་གིས། དེང་སྐབས་གླིང་ཕྲན་ཕྱེད་ཀའི་གནས་བབ་ཛ་དྲག་ཆེ་ཞིང་ཚོར་བ་སྐྱེན་པས། ཀྲུང་གོ་ཕྱོགས་ནས་འབྲེལ་ཡོད་རྒྱལ་ཁབ་ལ་ཚོད་འཛིན་བྱས་ཏེ། གླིང་ཕྲན་ཕྱེད་ཀའི་ཛ་དྲག་གི་གནས་བབ་ཞི་ལྷོད་དུ་གཏོང་བ་དང་། གླིང་ཕྲན་ཕྱེད་ཀའི་གནད་དོན་ཐག་གཅོད་འཚམ་པོ་བྱེད་ཕྱིར་འབད་དགོས་པའི་རེ་སྐུལ་བྱེད་རྒྱུ་དང་། ཀྲུང་གོ་ཕྱོགས་ནས་གླིང་ཕྲན་ཕྱེད་ཀའི་གནད་དོན་ནི་གླེང་མོལ་བྱེད་རེས་མཐའ་འཁྱོངས་ཀྱི་ཐོག་ནས་ཐག་གཅོད་དགོས་ལུགས་བསྟན་པ་རེད། 
         ཀེང་ཧྲོང་གིས། ང་ཚོས་དེའི་དོན་དུ་ཁོ་རེ་ཡ་བྱང་མ་ལ་རྡུལ་ཕྲན་གྱི་ལས་སྒོ་མཚམས་འཇོག་དང་ཨ་རི་དང་ཁོ་རི་ཡ་ལྷོ་མས་གཞི་ཁྱོན་ཆེ་བའི་དམག་དོན་དངོས་སྦྱོང་བྱེད་རིགས་མཚམས་འཇོག་དགོས་པའི་སྐོར་གི"མཚམས་འཇོག་གཉིས"ཀྱི་གྲོས་གཞི་བཏོན་ནས། ཁོ་རེ་ཡ་བྱང་མའི་གླིང་ཕྱེད་ཀྱི་རྡུལ་ཕྲན་མེད་པར་གླིང་ཕྱེད་ཞི་བདེ་ཡོང་བའི་ལམ་སྲོལ་གྱི"ཕྱོགས་གཉིས་མཉམ་སྒུལ"གྱི་བསམ་བཀོད་བཏོན་ཡོད། གྲོས་གཞི་དེ་ནི་དྲང་བདེན་དངོས་དང་། ཚུལ་མཐུན་ལུགས་མཐུན་ཞིག་རེད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གོང་གསལ་གྱི་གྲོས་གཞིར་རོགས་སྐྱོར་གནང་རེ་ཞུ་རྒྱུ་དང་། ཁྲའོ་ཞན་གླིང་ཕྱེད་གྱི་གནད་དོན་ཐག་གཅོད་པའི་བྱེད་ཐབས་གསར་པ་འབྱེད་རེ་བྱེད་བཞིན་ཡོད་པ་འདི་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཡིག་ཨང་2371པའི་དགོངས་དོན་ཡང་རེད་ཅེས་བརྗོད་པ་རེད།