མི་དམངས་དྲ་བ།

༄༅།།《2016ལོའི་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་སྟོན་གྲངས་སྐོར་གྱི་སྙན་ཞུ་》ཡོངས་
བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་26ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཉེ་སྔོན། “2016ལོའི་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་སྟོན་གྲངས་སྐོར་གྱི་སྙན་ཞུ་ཡོངས་བསྒྲགས་ཚོགས་འདུ”པེ་ཅིང་དུ་འཚོགས་ཤིང་། ད་རེས་ཀྱི་བྱེད་སྒོ་པེ་ཅིང་དགེ་འོས་སློབ་ཆེན་དཔལ་འབྱོར་དང་ཐོན་ཁུངས་དོ་དམ་ཞིབ་འཇུག་ཁང་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྲུང་གོ་དཔལ་འབྱོར་དར་རྒྱས་ལྟ་ཞིབ་ཚད་ལེན་ལྟེ་གནས་སོགས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བ་ཞིག་རེད། གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོ་ནི“རྒྱུན་རྣམ་གསར་པའི་འོག་གི་ལྗང་མདོག་འཕེལ་རྒྱས་ཀྱི་གནད་དོན”ཞེས་པ་དེ་རེད། ད་རེས་དངོས་སུ་ཡོངས་བསྒྲགས་བྱས་པའི་《2016ལོའི་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་སྟོན་གྲངས་སྐོར་གྱི་སྙན་ཞུ—ཁུལ་ཁོངས་བསྡུར་བ་》ཞེས་པའི་ནང་། རང་རྒྱལ་གྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)30དང་། གྲོང་ཁྱེར་100ཡི་ལྗང་མདོག་འཕེལ་རྒྱས་སྟོན་གྲངས་ཀྱི་མིང་སྒྲིག་དང་། དེ་བཞིན་2010ལོ་ནས་2015ལོ་བར་གྱི་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་སྟོན་གྲངས་གཞུང་ཕྱོགས་རིམ་འགྱུར་བྱུང་ཚུལ། མུ་མཐུད་བཏོན་པའི་ས་གནས་ཁག་གི“ལྗང་མདོག་བརྟག་བཤེར་རེའུ་མིག”དང་། གྲོང་ཁྱེར་གྱི་ལྗང་མདོག་འཕེལ་རྒྱས་འགྲོ་ཚུལ་ལ་སྤྱི་དམངས་ཀྱི་བློ་ཡིད་འཚིམ་ཚད་བརྟག་དཔྱད་བྱས་པའི་འདྲི་ཤོག་སོགས་ཀྱི་ནང་དོན་ཡོངས་བསྒྲགས་བྱས་པ་རེད།
          སྙན་ཞུའི་ནང་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)30ཡི་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་མིང་སྒྲིག་བྱས་པའི་ནང་། ཨང་དང་པོ་ནས་བཅུ་པ་བར་ནི། པེ་ཅིང་དང་། ཧྲང་ཧའེ། ཀྲེ་ཅང་། ཐེན་ཅིན། ནང་སོག ཕུའུ་ཅན། ཅང་སུའུ། ཀོང་ཏུང་། ཧེ་ལུང་ཅང་། ཧའེ་ནན་བཅས་ཡིན་པ་དང་། ཧྲན་ཤིས་དང་། ཀན་སུའུ། ཧོ་ནན་བཅས་ནི་མཇུག་ནས་བརྩིས་པའི་ཨང་དང་པོ། གཉིས་པ། གསུམ་པ་གསུམ་རེད། ཞིང་ཆེན་17གྱི་ལྗང་མདོག་འཕེལ་རྒྱས་ཆུ་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོད་ཅེས་འཁོད་ཡོད་པ་རེད། ཁུལ་ཁོངས་ཁྱབ་ཚུལ་ལ་གཞིགས་ན། ཤར་རྒྱུད་ཞིང་ཆེན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལེགས་ཆ་སྔར་བཞིན་མངོན་གསལ་དོད་པ་དང་། ལྷག་པར་དུ་དཔལ་འབྱོར་འཕར་བའི་ཁར་ལྗང་མདོག་ཅན་དུ་གྱུར་ཚད་ས་གནས་གཞན་གསུམ་ལས་མངོན་གསལ་དོད་པོས་ལེགས་པ་དང་། ནུབ་རྒྱུད་ཞིང་ཆེན་གྱི་ཐོན་ཁུངས་ཁོར་ཡུག་གི་མི་མངོན་པའི་ནུས་པར་ལེགས་ཆ་ངེས་ཅན་ལྡན་པ་དང་། དེས་ས་ཁུལ་དེ་གའི་ལྗང་མདོག་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་པ། བྱང་ཤར་ཞིང་ཆེན་གསུམ་ལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཞིང་། དབུས་རྒྱུད་ས་གནས་ཀྱི་ལྗང་མདོག་འཕེལ་རྒྱས་ཆུ་ཚད་ད་དུང་མཐོ་རུ་གཏོང་རྒྱུ་ཡོད། སྤྱིའི་ཆ་ནས་བལྟས་ན། 2010ལོ་ནས་2015ལོ་བར་ཀྲུང་གོའི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་ལྗང་མདོག་འཕེལ་རྒྱས་སྟོན་གྲངས་གཞི་རྩའི་ཆ་ནས་བརྟན་དུ་འགྲོ་བའི་འཕེལ་ཕྱོགས་ཤིག་ཐོན་པ་དང་། 2015ལོ་བར་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)30ཡི་ལྗང་མདོག་འཕེལ་རྒྱས་སྟོན་གྲངས་ཚང་མ2010ལོའི་ཆུ་ཚད་ལས་མཐོ་བ་ཡོད། སྤྱི་དམངས་ཀྱི་ཕྱོགས་བསྡུས་བློ་ཡིད་འཚིམ་ཚད་ལྟ་བའི་རྣམ་གྲངས་གསུམ་ལས་གྲུབ་པའི་སྟོན་གྲངས་ལ་བལྟས་ན། ན་ནིང་དང་བསྡུར་ན་གྲོང་མིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལ་བློ་ཡིད་འཚིམ་པོ་བྱེད་ཚད་སྔར་བཞིན་མཐོ་ཤོས་ཡིན་པ་དང་། གྲོང་ཁྱེར་ཁོར་ཡུག་ལ་བློ་ཡིད་འཚིམ་ཚད་ཅུང་མཐོ་པོ་ཡོད་པ། སྲིད་གཞུང་གི་ལྗང་མདོག་བྱ་སྤྱོད་ལ་ད་དུང་སྔར་བཞིན་རྦད་དེ་བློ་ཡིད་ཚིམས་མེད་པ་དང་། བློ་ཡིད་འཚིམ་པོ་མི་བྱེད་ཚད་ཅུང་ཆག་ཡོད་པ་རེད།