མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་སུ་ལྟ་ཞིབ་ཚད་ལེན་ས་ཚིགས་126བསྐྲུན་ནས་སྨུག་རྡུལ་གྱིས་བདེ་ཐང་ལ་ཤུགས་
རྐྱེན་བཟོ་ཚད་ལྟ་ཞིབ་ཚད་ལེན་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་26ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས། པེ་ཅིང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མ་ཞའོ་ཝེས་《“ལོ་ལྔ་ཚན་བཅུ་གསུམ་པའི”འཕྲོད་བསྟེན་དང་བདེ་ཐང་འཆར་འགོད་》ངོ་སྤྲོད་བྱས་པ་དང་། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་སྒྱུར་བཅོས་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཧོ་ཧྲེང་གིས་《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་འཆར་འགོད་》ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་འདྲི་བར་ལན་བསྐྱོན་པ་རེད།
           མ་ཞའོ་ཝེས་《“ལོ་ལྔ་ཚན་བཅུ་གསུམ་པའི”འཕྲོད་བསྟེན་དང་བདེ་ཐང་འཆར་འགོད་》ཀྱི་འཕེལ་རྒྱས་དམིགས་ཚད་ནི། 2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་སྤྱིར་ན་འཛུགས་རྒྱུ་དང་། མི་ཀུན་གྱིས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ། སྔོན་དཔག་བྱས་ན་མི་རེའི་ཆ་སྙོམས་ཚེ་ཚད་2015ལོའི་རྨང་གཞིའི་ཐོག་ལོ་1རིང་དུ་འགྲོ་རྒྱུ་དེ་རེད། བདེ་ཐང་ཆུ་ཚད་དང་། ནད་ཡམས་སྔོན་འགོག་ཚོད་འཛིན། མ་བུ་བདེ་ཐང་། སྨན་བཅོས་ཞབས་ཞུ། འཆར་ལྡན་བུ་བཙའ། ཞབས་ཞུའི་མ་ལག སྨན་བཅོས་འཕྲོད་བསྟེན་འགན་ལེན་བཅས་ཕྱོགས་7ཐད་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ཁག་25བཏོན་ཡོད་པ་རེད།
         ཝང་ཧོ་ཧྲེང་གིས་རེས་སྐོར་གསར་པའི་སྨན་བཅོས་སྒྱུར་བཅོས་ལས་མི་སེར་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་རྒྱུ་རེད། སྨན་རིན་གྱི་ཁུར་པོར“ལེགས་གཏོང་གཅིག་དང་ཆག་པ་གཉིས”མངོན་འགྱུར་བྱུང་ཡོད། “ལེགས་གཏོང་གཅིག”ནི་སྨན་ཁང་གི་ཡོང་འབབ་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་བཏང་སྟེ། རྒྱལ་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་གི་སྨན་རྫས་ཁྱབ་ཚད་2010ལོའི་46.33%ནས་2015ལོའི་40%ཡས་མས་བར་ཆག་ཡོད། “དམའ་རུ་གཉིས”ནི་སྨན་རིན་མགྱོགས་མྱུར་འཕར་ཚུལ་ལ་བཀག་འགོག་རགས་ཙམ་ཐུབ་པ་དང་། སྲིད་གཞུང་གིས་བཙུགས་པའི་སྨན་བཅོས་སྒྲིག་གཞིའི་ཡོང་འབབ་འཕར་ཆག་དེ་2010ལོའི་18.97%ནས་2015ལོའི་10%ཡས་མས་བར་ཆག་ཡོད། གྲོང་མིའི་སྨན་བཅོས་ཁུར་པོ་ཡང་དུ་ཕྱིན་པ་དང་མི་སྒེར་གྱི་འཕྲོད་བསྟེན་གཏོང་སྒོས་འཕྲོད་བསྟེན་གྱི་སྤྱིའི་རིན་གོང་གི་བཟུང་ཚད་30%མན་བར་ཆག་པ་དེ་ཉེ་བའི་ལོ་20ཡི་རིང་གི་ཆུ་ཚད་དམའ་ཤོས་དེ་རེད་ཅེས་ངོ་སྤྲོད་བྱས།