འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་28ཉིན།

༄༅།།བོད་ལྗོངས་འཕྱོངས་རྒྱས་རྫོང་གིས་ཞིང་འབྲོག་པའི་མཉམ་ལས་ཁང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། 
ཞིང་ལས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས། འབྱོར་ཕྱུག་འཚོ་བ་སྦྲང་རྩི་ལས་ཀྱང་མངར།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་28ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཡོན་ཆོན། ཆུང་བདག་སྒྲོལ་དཀར།
     ▲ ལྷ་ཡུལ་ཤང་སྟོད་པ་གྲོང་ཚོའི་གྲོང་མི་200ལྷག་ཙམ་གྱིས་ས་ཞིང་བརྒྱུད་བཤུག་གི་དངུལ་དང་ཞིང་ལས་ངལ་རྩོལ་གྱི་གླ་ཆ་ཁྱོན་སྒོར་ཁྲི་72བླངས་ཡོད།
     ▲ གྲོང་མི་སྐར་མ་སྒྲོལ་དཀར་གྱིས། ཁོང་ཁྱིམ་གྱིས་ས་ཞིང་མུའུ་16བརྒྱུད་བཤུག་བྱས་པར་ས་ཞིང་བརྒྱུད་བཤུག་གི་དངུལ་སྒོར་12800རག་པ་དང་། རྩྭ་ངན་འཐུ་བ་དང་ཞིང་ཆུ་འདྲེན་པའི་ནང་ཞུགས་པར་གླ་ཆ་སྒོར་2500རག་ཡོད།
     ▲ 2023ལོར་འཕྱོངས་རྒྱས་རྫོང་ཡོངས་ཀྱི་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་ཏུན་ཁྲི་1.2ཟིན་ནས་ལོ་བཅུ་བསྟུད་མར་ཐོན་འབབ་ཡག་པོ་བྱུང་ཡོད། རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ལོའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་22525ཟིན་ནས་དུས་མཚུངས་ལས་13.7%འཕར་ཡོད།
     ▲ འདེབས་འཛུགས་རྟེན་གཞི་དེ་ནི་བོད་ལྗོངས་ཏེ་ཧུང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་གཉེར་བ་ཞིག་ཡིན་པ་དང་། ལོ་ལྟར་དུད་ཚང་299ཡི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་185ཡོང་བར་སྣེ་ཁྲིད་བྱེད་ཀྱི་ཡོད། 
     ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་སྟོད་པ་གྲོང་ཚོའི་རང་སྟོབས་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་དུ་གྲོང་མི་ཚོས“ངར་སྒོར་1400དང་། སྒོར་6240 སྒོར་ཁྲི་1.53འདུག”ཅེས་བགོ་འགྲེམས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། གྲོང་མི་200ལྷག་ཙམ་གྱིས་དགའ་དགའ་སྤྲོ་སྤྲོའི་ངང་ས་ཞིང་བརྒྱུད་བཤུག་གི་དངུལ་དང་ཞིང་ལས་ངལ་རྩོལ་གྱི་གླ་ཆ་ཁྱོན་སྒོར་ཁྲི་72བླངས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་གིས“མཉམ་སྡེབ་ཀྱིས་གཙོ་གཉེར་དང་ཞིང་དུད་མ་རྐང་ནང་ཞུགས་པའི”བྱེད་སྟངས་སྤྱད་དེ། “རྨོ་འདེབས་དང་། འདེབས་གསོ། གཡོག་བྱེད། བརྔ་བསྡུ”སོགས་འབྲུ་རིགས་ཐོན་སྐྱེད་ཀྱི་ལྷུ་ཚིགས་སུ་འཕྲུལ་ཆས་ཅན་གྱི་ལས་དོན་སྤེལ་ནས་ས་ཞིང་བརྒྱུད་བཤུག་དང་ཞིང་ལས་ཚབ་གཉེར་གྱི་མཉམ་ལས་ལམ་སྲོལ་ཁྱབ་གདལ་བཏང་ཡོད།
     “མཉམ་ལས་ཁང་བཙུགས་རྗེས་ཞིང་ཁ་འདེབས་པ་དང་བརྔ་བསྡུ་ཚང་མ་འཕྲུལ་ཆས་ཅན་དུ་གྱུར་པས། ན་གཞོན་ཚོ་བློ་བདེ་པོས་ཕྱིར་ཡོང་འབབ་གསོག་པར་འགྲོ་ཆོག་པས་ཁྱིམ་ཚང་གི་ཡོང་འབབ་མང་དུ་འགྲོ་རྒྱུ་ཉག་ཅིག་རེད”ཅེས་གྲོང་མི་སྐར་མ་སྒྲོལ་དཀར་གྱིས་བཤད། ཁོང་ཁྱིམ་གྱིས་ས་ཞིང་མུའུ་16བརྒྱུད་བཤུག་བྱས་པར་ས་ཞིང་བརྒྱུད་བཤུག་གི་དངུལ་སྒོར་12800རག་པ་དང་། རྩྭ་ངན་འཐུ་བ་དང་ཞིང་ཆུ་འདྲེན་པའི་ནང་ཞུགས་པར་གླ་ཆ་སྒོར་2500རག་ཡོད།
     ས་ཁོད་སྙོམས་པ་དང་ཆུ་ཡུར་ལེགས་ལ་གློག་ཤུགས་སྒྲིག་བཀོད་སོགས་གང་དགོས་ཚང་མ་འཛོམས་པོ་ཡོད། སྟོད་པ་གྲོང་ཚོ་དང་འདྲ་བའི“ཞིང་ཁའི་རྒྱ་ཁྱོན་ཚད་དང་ལྡན་པ་དང་དོ་དམ་ཚད་དང་ལྡན་པའི”ཞིང་ཁ་འདེབས་སྐབས་མཉམ་ལས་ཁང་གི་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ལ་སྟབས་བདེ་བསྐྲུན་པ་མ་ཟད། འབྲུ་རིགས་ཐོན་འཕར་དང་འབབ་འཕར་ཡོང་བར་ཡང་དེ་བས་ཕན་ཐོགས་བྱུང་ཡོད།
     ཉེ་བའི་ལོ་ཤས་རིང་འཕྱོངས་རྒྱས་རྫོང་གིས་རྨོ་ཞིང་གི་སྤུས་ཚད་མཐོ་རུ་ཤུགས་ཆེན་བཏང་བས། རྨོ་ཞིང་གི་ཆུ་ཡུར་སྦྲེལ་མཐུད་དང་ལམ་སྦྲེལ་མཐུད་ཐུབ་ནས་ཐན་པ་བསྟན་སྐབས་ཆུ་འདྲེན་ཐུབ་པ་དང་། ཆུ་ལོག་ཐོན་སྐབས་གཤོང་ཐུབ་པ། ཞིང་ཁ་གྲུ་བཞིར་གྱུར་པ། ལྗོན་ཤིང་གྲལ་འགྲིག་པོ་བཅས་བྱུང་སྟེ། སྔོན་ཆད་ཀྱི་གནམ་ཆུ་སྒུག་པའི་ཞིང་ཁ་ད་ཆ་ཐོན་འབབ་མཐོ་བའི་ཞིང་ཁར་རིམ་བཞིན་གྱུར་ཡོད། རྨོ་ཞིང་གི་རང་བྱུང་གནོད་འཚེ་འགོག་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད། སྤུས་ཚད་དང་ཐོན་ནུས་གཉིས་ཀ་ཡང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
     “ཞིང་ཁ་སྒྱུར་བཀོད་བྱས་རྗེས་ཞིང་ནང་དང་མུ་ཁར་རྣམ་པ་གསར་རྐྱང་དུ་གྱུར་ནས་ཞིང་ལས་ཐོན་སྐྱེད་ཀྱི་གདིང་ཤུགས་དེ་བས་ཆེ་རུ་ཕྱིན་པ་དང་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད”འཕྱོངས་རྒྱས་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ཚེ་རིང་བུ་ལགས་ཀྱིས། 2023ལོར་རྫོང་ཡོངས་ཀྱི་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་ཏུན་ཁྲི་1.2ཟིན་ནས་ལོ་བཅུ་བསྟུད་མར་ཐོན་འབབ་ཡག་པོ་བྱུང་ཡོད། རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་22525ཟིན་ནས་དུས་མཚུངས་ལས་13.7%འཕར་ཡོད་ཅེས་བཤད།
     འཕྱོངས་རྒྱས་རྫོང་གིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དམ་འཛིན་བྱ་གཞིར་བྱས་ཏེ། འབྲུ་རིགས་ཐོན་འབབ་ཡག་པོ་དང་འབབ་འཕར་ཡོང་བའི་འགན་ལེན་བྱས་པ་དང་ཆབས་ཅིག ཞིང་ལས་ཀྱི་ཐོན་ལས་འཁོར་འབྲེལ་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
     འཕྱོངས་རྒྱས་རྫོང་གྲོང་གི་གྲོང་འདབས་སུ་ཚན་རྩལ་དྲོད་ཁང་ཆེན་པོ་སྟར་པ་མང་པོ་གྲལ་སྟར་འགྲིག་པོས་བརྒྱབ་ཡོད། འདེབས་འཛུགས་རྟེན་གཞི་དེ་ནི་བོད་ལྗོངས་ཏེ་ཧུང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་གཉེར་བ་ཞིག་ཡིན་པ་དང་། ལོ་ལྟར་དུད་ཚང་299ཡི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་185ཡོང་བར་སྣེ་ཁྲིད་བྱེད་ཀྱི་ཡོད། ཉེ་འགྲམ་གྱི་ཞིང་འབྲོག་པ་མི་ཉུང་བ་ཞིག་ཐག་ཉེ་སར་ལས་ཀ་རག་ཡོད།
     བོད་ལྗོངས་ཏེ་ཧུང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀོན་ཏ་ཕུང་གིས“ང་ཚོས་བཏབ་པའི་སྤུས་ལེགས་ཀྱི་འབྲི་ཏ་ས་འཛིན་དང་། ཀྲོ་མ་ཀྲུ། སོ་ལོ་སྔོན་པོ་སོགས་ཧྲང་ཧའེ་དང་། ཧྲེན་ཀྲེན། ཁྲེང་ཏུའུ་སོགས་ཀྱི་ཁྲོམ་རར་གཏོང་གི་ཡོད་པ་དང་། སྤུས་ཀ་ལེགས་པའི་ས་མཐོའི་ཤིང་འབྲས་དང་སྔོ་ཚལ་གྱིས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། སླད་ཕྱིན་མུ་མཐུད་ལེགས་སུ་དང་སྟོབས་ཆེར་བཏང་ནས་ཞིང་འབྲོག་པ་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་པའི་རེ་བ་ཡོད”ཅེས་བཤད།
     (རིག་རྡོར་གྱིས་བསྒྱུར། བསྟན་བཟང་དང་རིག་རྡོར་གྱིས་ཞུས)