འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་27ཉིན།

༄༅།།ཏིང་ཏིང་ཏང་ཏང་ཐོ་བ་རྡུང་སྒྲ་ལས། མི་རིགས་མཐུན་སྒྲིལ་གཏམ་རྒྱུད་སྒོ་མོ་ཕྱེ།

—— བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གྱི་གསེར་དངུལ་ཟངས་ཆས་ལས་སྣོན་བྱ་ཡུལ་གྱི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་27ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ཡོན་ཆོན།
    “ཏིང་ཏིང་ཏང་ཏང་། ཏིང་ཏིང་ཏང་ཏང”ཞོགས་པ་སྔ་པོ་ནས་པའེ་རིགས་ཕོ་གསར་མུའུ་ཅང་ཡུན་དགེ་རྒན་ཀྲང་ཀྲའོ་ཕུང་གི་གསེར་དངུལ་ཟངས་ཆས་ལས་སྣོན་ཁང་དུ་བསྐྱོད་དེ་ལག་ཤེས་པ་ཚོས་རང་འགན་རང་འཁུར་གྱིས་ངར་གཏོང་བ་དང་། མདོག་འདོན་པ། བཟོ་ལྟ་འདོན་པ། བརྐོས་རྒྱག་པ་སོགས་ཀྱི་ལས་རིམ་ལེགས་སྒྲུབ་བྱས་ནས་གསེར་དངུལ་ཟངས་ཆས་སྤུས་ལེགས་རེ་རེ་བཞིན་ཁོང་ཚོའི་ལག་ནས་རིམ་བཞིན་གྲུབ་ཡོད།
     ཀྲང་ཀྲའོ་ཕུང་གི་གསེར་དངུལ་ཟངས་ཆས་ལས་སྣོན་ཁང་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གི་གསེར་དངུལ་ཟངས་ཆས་ཁྲོམ་རར་ཡོད་ཅིང་། དུས་རབས་གོང་མའི་ལོ་རབས་90པར་ཡུན་ནན་ཞིང་ཆེན་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཧོ་ཆིན་རྫོང་གི་དངུལ་ཆས་ལག་ཤེས་པ་ཁག་གཅིག་བོད་དུ་ཡོང་བ་དང་འབྲེལ་ལྷ་སར་གཞི་ཚུགས་ཤིང་ཀྲང་ཀྲའོ་ཕུང་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད། ལྷ་སར་འབྱོར་རྗེས་ཀྲང་ཀྲའོ་ཕུང་གིས་པའེ་རིགས་ཀྱི་ལག་ཤེས་པ་ཚུན་ཤིས་ཧོའེ་དགེ་རྒན་ལ་བསྟེན་པ་དང་། ཚོང་ཁང་གཉེར་བ། དགེ་ཕྲུག་བསྡུ་བ་བཅས་ཀྱི་ལས་ཀ་བྱས་ནས་ལོ་30ལྷག་ཙམ་སོང་ཡོད།
    “ལྷ་སར་སླེབས་མ་ཐག་པའི་སྐབས་དགེ་ཕྲུག་གི་གྲས་སུ་བོད་རིགས་དང་། ཧུད་རིགས། པའེ་རིགས། དབྱིས་རིགས་བཅས་ཡོད་ཅིང་། དགེ་རྒན་གྱིས་ང་ཚོར་ལྟ་སྟངས་གཅིག་མཚུངས་འཛིན་གྱི་ཡོད” ཀྲང་ཀྲའོ་ཕུང་གིས“དགེ་རྒན་གྱིས་ང་ཚོར་རིག་གནས་ཤུལ་བཞག་དང་སྲོལ་རྒྱུན་སྒྱུ་རྩལ་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བ་ཞིག་ཡིན་པས་མི་རིགས་མི་འདྲ་བའི་དབར་ཕན་ཚུན་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་བྱེད་དགོས་པ་ལས་ཕན་ཚུན་དབྱེ་བ་གཏན་ནས་འབྱེད་མི་རུང་ཞེས་རྟག་ཏུ་བསླབ་བྱ་གནང་གི་ཡོད”ཅེས་དྲན་གསོ་བྱེད་བཞིན་བརྗོད།
     ཀྲང་ཀྲའོ་ཕུང་དང་དགེ་ཕྲུག་རྒན་གཞོན་ཚོས་ངེས་པར་དུ་སྔོན་ལ་བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྦྱངས་ནས་རྒྱན་ཆ་སྣ་ཚོགས་ལས་མཚོན་པའི་རིག་གནས་ནང་དོན་ཤེས་རྗེས་གཞི་ནས་གསེར་བཟོ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་སྲོལ་རྒྱུན་རི་མོ་དང་ཇུས་འགོད་སློབ་སྦྱོང་བྱེད་ཆོག་གི་ཡོད། “དགེ་རྒན་ཚུན་ཤིས་ཧོའེ་དང་འཕྲད་པ་ནི་ངའི་བསོད་ནམས་ཆེ་ཤོས་ཡིན”འཚོ་བའི་ནང་རྒྱུན་དུ་སྤྱོད་པའི་གསེར་དངུལ་གྱི་ཇ་ཕོར་དང་ཆང་ཕོར་དང་། རྒྱན་ཆ། བཟོ་བཀོད་མཛེས་རྒྱན་སོགས་བཟོ་བའི་ལག་རྩལ་ཁོང་དུ་ཆུད་པ་ཕུད། ཁོང་གིས་རྒན་ལགས་ཀྱི་ས་ནས་སྦྱངས་པ་ནི་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་སྙིང་སྟོབས་དེ་རེད་ཅེས་ཀྲང་ཀྲའོ་ཕུང་གིས་བརྗོད།
    2000ལོར། མུའུ་ཅང་ཡུན་ཕ་ཡུལ་ཡུན་ནན་ཏ་ལི་ནས་ལྷ་སར་ཡོང་བ་དང་སློབ་སྦྱོང་ལོ་བརྒྱད་བྱས་རྗེས་ཁོང་གིས་གསེར་དངུལ་ཟངས་ཆས་ཁྲོམ་རར་རང་ཉིད་ཀྱི་ཚོང་ཁང་ཞིག་བཙུགས། ཉིན་རེར་གླ་ཕོགས་སྒོར་20ལས་མེད་པ་ནས་ཕ་ཡུལ་དུ་ཐོག་སོ་གསུམ་ལྡན་གྱི་པའེ་རིགས་ཀྱི་སྲོལ་རྒྱུན་ལུགས་ཀྱི་གྲོང་མིའི་སྡོད་ཁང་ཞིག་བརྒྱབ་ཐུབ་པའི་བར་གྱི་གྲུབ་འབྲས་དེ་དག་ནི་རྒན་ཀྲང་ཀྲའོ་ཕུང་གིས་མི་རིགས་ཀྱི་དབྱེ་བ་མེད་པར་ངར་སློབ་ཁྲིད་གནང་བ་ལས་གཞི་ནས་རང་ཉིད་ལ་ལས་དབང་ལ་འགྱུར་ལྡོག་གཏོང་བའི་གོ་སྐབས་བཟང་པོ་རག་བྱུང་ཞེས་མུའུ་ཅང་ཡུན་གྱིས་བརྗོད།
    ད་ཆ་མུའུ་ཅང་ཡུན་གྱིས་ལྷ་སར་ཁྱིམ་ཚང་བཟུང་བ་དང་བུ་ཡང་རང་ཉིད་དང་མཉམ་དུ་ལག་རྩལ་སྦྱོང་གི་ཡོད་པས། གསེར་དངུལ་ཟངས་ཆས་ཁྲོམ་རར་བཟོ་བོ་མི་རབས་གཉིས་པ་དང་གསུམ་པ་རིམ་བཞིན་ཐོན་ཡོད། ཁོང་ཚོས་དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའམ་ཡང་ན་ཁྱིམ་ཚང་གི་རྒྱུན་འཛིན་པ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མིང་བྱང་གསར་པ་བཏོད་ཡོད།
     ས་གནས་དེ་གའི་གསེར་དངུལ་ཟངས་ཆས་ཚོང་ཚོགས་ཀྱི་འགན་འཁུར་བ་ཀྲོའུ་ལིན་ཀའོ་ཡིས་གསར་འགོད་པར་འདི་གའི་ཚོང་དུད་420ལྷག་ཙམ་ནང་རྒྱ་རིགས་དང་། བོད་རིགས། པའེ་རིགས། ཧུད་རིགས། དབྱིས་རིགས། ཏུང་ཤང་རིགས། ས་ལར་རིགས་བཅས་མི་རིགས་བདུན་ཡོད་པ་དེ་དག་མང་ཆེ་བ་ལྷ་སར་ལོ་ཉི་ཤུ་སུམ་ཅུའི་རིང་ཚོང་གཉེར་བྱེད་མྱོང་བ་ཤ་སྟག་ཡིན་པ་དང་། ཁོང་ཚོའི་ཕ་རབས་ཚོས་སྐབས་དེ་དུས་བོད་ནས་ཡོང་འབབ་ཐེངས་དང་པོ་བསགས་ཡོད་ཅེས་བརྗོད།
    “མི་རབས་གསར་པའི་ལག་རྩལ་པ་དང་ལྷ་སའི་མི་རིགས་ཁག་གི་སྤུན་ཟླའི་དབར་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཞིང་། ཕན་ཚུན་སྤེལ་རེས་དང་མཉམ་འདྲེས་དམ་ཟབ་བྱས་པ་བརྒྱུད་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་གསར་གཏོད་བྱེད་བཞིན་ཡོད་ལ་མི་རིགས་ཁག་དབར་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་ཟབ་མོ་ཡོད།
    “ཏིང་ཏིང་ཏང་ཏང་། ཏིང་ཏིང་ཏང་ཏང”ཞེས་པའི་ཐོ་བ་རྡུང་སྒྲའི་ཁྲོད་ཁོང་ཚོས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་གསར་པར་རོལ་བཞིན་ཡོད་ལ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཀྱང་དེ་གར་བརྩམས་དང་རྩོམ་བཞིན་ཡོད།