༄༅།།2023ལོའི་འཛམ་གླིང་གི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཚོགས་ཆེན་འགོ་ཚུགས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 08ཚེས་29ཉིན། 13:34】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་སི་ཁྲོན་ཏེ་དབྱང་ནས་ཟླ་8ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་26ཉིན་ནས་ཚེས་28ཉིན་བར། 2023ལོའི་འཛམ་གླིང་གི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཚོགས་ཆེན་སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར་དུ་འཚོགས་པ་རེད། ད་ཐེངས་ཀྱི་ཚོགས་ཆེན་ལ་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་176ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། ཐོན་རྫས་དངོས་དང་དཔེ་དབྱིབས་སྣ་ཁ་1200ལྷག་ཙམ་འགྲེམས་སྟོན་བྱས་པར་སྐུ་མགྲོན་1400ལྷག་ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད། ཚོགས་ཆེན་རིང་འགོ་ཚུགས་མཛད་སྒོ་དང་། གླེང་སྟེགས་གཙོ་བོ། མཐོ་རིམ་གླེང་སྟེགས། མ་དངུལ་བསྡུ་གཏོང་སོགས་ཁྱད་ལྡན་བྱེད་སྒོ་ཁག་11བཀོད་སྒྲིག་བྱས་ནས་ཀྲུང་གོའི་འཕྲུལ་ཆས་ཆེ་གྲས་ཀུང་སིའི“རྩེར་སོན་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་བཟོ་སྐྲུན་ལྟེ་གནས”དང་། དབྱིང་ཅེ་གློག་རླངས་ཀུང་སིའི“བཟོ་ལས་གློག་ཁུངས་ཞིབ་འཇུག་གསར་སྤེལ་བཟོ་སྐྲུན་བཟོ་གྲྭ”སོགས་དཔེ་སྟོན་བཀོལ་སྤྱོད་ཀྱི་ཡུལ་རྣམ་19བཀོད་སྒྲིག་བྱས་ཡོད་པ་རེད།
འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་ཀྱིས“ལྗང་མདོག་གི་སའི་གོ་ལ། རིག་ནུས་ཀྱི་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་། སྔོན་ཐོན་ལག་རྩལ། གྲུབ་འབྲས་གསར་ཤོས་སོགས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད། ད་ཐེངས་ཀྱི་ཚོགས་ཆེན་ནི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ལས་རིགས་ཀྱི“སྦྲེལ་ལམ”ལྟ་བུ་རེད་ཅེས་བརྗོད་ཆོག ཕྱོགས་ཁག་གི་ཚོང་གྲོགས་ཏེ་དབྱང་གྲོང་ཁྱེར་དུ་འཛོམས་ནས་ཁེ་ལས་ཀྱི་འགྲེམས་སྟོན་དང་། སྤེལ་རེས་གླེང་སྟེགས། ཚོང་དོན་ངོ་འཕྲད་གྲོས་མོལ། ཐོན་རྫས་གསར་པའི་ཡོངས་བསྒྲགས་འདུ་ཚོགས་སོགས་ཀྱི་རྣམ་པའི་ཐོག་ནས་འབྲེལ་ལམ་བཙུགས་ཡོད། ཚོགས་ཞུགས་ཁེ་ལས་ཀྱི་མི་སྣས་འཛམ་གླིང་གི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཚོགས་ཆེན་གྱི་ལས་སྟེགས་བརྒྱུད་འགྲེམས་སྟོན་ཐོག་ཁེ་ལས་ཁག་གི་ཕུལ་བྱུང་ཐོན་རྫས་སྔར་བས་ཤེས་རྟོགས་དང་ཁེ་ལས་གཞན་དག་དང་སྤེལ་རེས་བྱེད་སྐབས་རང་ཉིད་ཀྱི་ཚོང་ཤག་རྙེད་ཐུབ་ལ། རང་ཉིད་གཞན་གྱི་ཚོང་ཤག་ལ་ཡང་འགྱུར་ཐུབ་ཅེས་བརྗོད་པ་རེད།
ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཚོགས་ཞུགས་སྐུ་མགྲོན་དང་། འགྲེམས་ཞུགས་ཁེ་ལས་ཀྱི་གྲངས་འབོར་སོགས་སྐབས་དང་པོ་ལས་ལྷག་པ་ཡོད་པ་རེད། ཚོགས་ཞུགས་སྐུ་མགྲོན་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་30ལ་ཁྱབ་པ་དང་། འགྲེམས་ཞུགས་ཁེ་ལས་གྲས་སུ་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500དང་། ནུས་རྒྱུ་གསར་པའི་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500 རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས། ཀྲུང་གོའི་ཁེ་ལས་སྟོབས་ཆེན་500སོགས་ནུས་པ་ཆེ་བའི་ཁེ་ལས་82ཡོད་པ་རེད། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ད་དུང་ཐོན་ལས་མཉམ་ལས་རྣམ་གྲངས་73ལ་གན་རྒྱ་བཞག་པ་དེ་མ་དངུལ་བསྡོམས་སྒོར་དུང་ཕྱུར་2322དང་འབྲེལ་བ་ཡོད་ཅིང་། དེ་ནུས་རྒྱུ་གཙང་མའི་སྒྲིག་ཆས་དང་། ལྷུ་ལག་ཞིབ་སྤེལ་བཟོ་སྐྲུན། ཆིང་ནུས་རྒྱུའི་སྒྲིག་ཆས་བཟོ་སྐྲུན། སྒུལ་ཤུགས་གློག་སྨན། འོད་ཤུགས་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་གླིང་སོགས་གཙོ་གནད་རྣམ་གྲངས་ཚུད་ཡོད་པ་རེད།
