འཚོལ་བཤེར།   
藏文频道
2023ལོའི་ཟླ་6ཚེས་8ཉིན།

༄༅།།ཞི་ཅིན་ཕིང་གིས་ནང་སོག་གི་པ་ཡན་ནོར་དུ་ཐང་རྒོད་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་དང“བྱང་གསུམ”སོགས་
གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་6ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནང་སོག་གི་པ་ཡན་ནོར་དུ་ཐང་རྒོད་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་བ།
ཟླ་6ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནང་སོག་གི་པ་ཡན་ནོར་དུ་ཐང་རྒོད་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་ནང་སོག་གི་པ་ཡན་ནོར་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་པ་ཡན་ནོར་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། ཐང་རྒོད་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། ཐང་རྒོད་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དེ་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད་པས། དེ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བླ་ན་མེད་པའི་བྱ་གཞག་ཅིག་རེད། འགན་འཁྲི་འཁུར་ཕོད་པ་དང་། དཀའ་ངལ་ལ་མི་འཛེམས་པ། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་བྱེ་འགོག་བྱེ་བཅོས་ཀྱི་ངོ་མཚར་གསར་པ་ཧུར་ཐག་བཏོད་ནས་མེས་རྒྱལ་གྱི་བྱང་རྒྱུད་མཐའ་མཚམས་ཀྱི་ལེ་དབར་ཁྲི་ཡི་ལྗང་མདོག་སྲུང་བཅད་སྔར་བས་བརྟན་དུ་བཏང་སྟེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཚེས་5ཉིན་དང་ཚེས་6ཉིན་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཧྲའོ་ཁྲེང་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཝང་ལི་ཞ་ཡི་ཕེབས་རོགས་འོག་པ་ཡན་ནོར་གྲོང་ཁྱེར་གྱི་རང་བྱུང་སྲུང་སྐྱོང་ཁུལ་དང་། དེང་རབས་ཞིང་ལས་དཔེ་སྟོན་གླིང་། ནགས་ར། ཆུ་བེད་སྡེ་ཚན་སོགས་སུ་བརྟག་ཞིབ་གནང་བ་རེད།
     རྨ་ཆུའི་སྟོད་རྒྱུད་དུ་གནས་པའི་ཝུའུ་ལེང་སུའུ་མཚོ་ནི་རྨ་ཆུ་རྒྱུག་ཁུལ་གྱི་མཚེའུ་ཡི་འདམ་ར་ཆེ་ཤོས་ཤིག་ཡིན་པ་དང་། རྨ་ཆུའི་ཆུ་འབོར་སྙོམས་སྒྲིག་དང་། ཆུ་སྤུས་ལེགས་གཏོང་། འཁྱགས་འགོག་དང་འབྲུབ་འགོག་སོགས་ཀྱི་ནུས་པ་གལ་ཆེན་ལྡན་པ་དང་། དེ་ནི་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་མང་པོའི་འབྲེལ་མཚམས་ཁུལ་ཞིག་དང་། པེ་ཅིང་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་ཚོད་འཛིན་བྱེད་པའི་རང་བྱུང་སྐྱེ་ཁམས་སྲུང་བཅད་ཅིག་རེད། ཚེས་5ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་དེ་གར་ཕེབས་ནས་ས་གནས་དེ་གའི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་དང་སྐྱེ་ཁམས་ཁོར་ཡུག་སླར་གསོར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་ཝུའུ་ལེང་སུའུ་མཚོ་ཡི་རང་བྱུང་མཛེས་ལྗོངས་དང་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་ཝུའུ་ལེང་སུའུ་མཚོ་རྒྱུག་ཁུལ་གྱི་བཅོས་སྐྱོང་ཡག་པོ་བྱ་རྒྱུ་དེ་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཝུའུ་ལེང་སུའུ་མཚོ་བཅོས་སྐྱོང་དང་སྲུང་སྐྱོང་བྱེད་པའི་ཁ་ཕྱོགས་གསལ་པོ་ཡིན་པས། བློ་རྩེ་གཅིག་སྒྲིམ་གྱིས་བཅོས་སྐྱོང་དང་སྲུང་སྐྱོང་ཞིབ་ཚགས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྙིང་རུས་གཏན་འཁྱོངས་ཀྱིས“ལྕགས་རི་རིང་པོའི་ཕྱི་རོལ་གྱི་དྭངས་གསལ་མུ་ཏིག”དེར་སྲུང་སྐྱོང་ཡག་པོ་བྱས་ཏེ། ཕ་ཚ་བུ་རྒྱུད་ལ་རི་སྔོན་དང་། ཆུ་དྭངས། མཁའ་རླུང་སོས་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
     དེ་རྗེས་ཞི་ཅིན་ཕིང་ཝུའུ་ལེང་སུའུ་མཚོའི་ལྷོ་ངོགས་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ་ཕེབས་ནས་ས་རྒྱུ་དང་ས་བོན་གྱི་དངོས་དཔེ་སོགས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ནས་ས་གནས་དེ་གར་བ་ཚྭ་ཅན་གྱི་ཐང་རྒོད་སྒྱུར་བཀོད་དང་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཞིང་ཆུ་འདྲེན་རྒྱུར་སྐུལ་འདེད་བཏང་སྟེ་དེང་རབས་ཞིང་ལས་ཁྱབ་གདལ་བཏང་བར་ཁས་ལེན་གནང་བ་རེད། ཞི་ཅིན་ཕིང་ཞིང་ནང་དུ་ཕེབས་ཏེ་གྲོ་དང་སུར་པན་སྐྱེ་འཚར་ལ་གཟིགས་ཞིབ་གནང་ནས་ས་གནས་ས་ཐོག་གི་ཞིང་ལས་ལག་རྩལ་མི་སྣར་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཁོང་གིས་དཔེ་སྟོན་གླིང་གིས་དེང་རབས་ཞིང་ལས་ཁྱབ་གདལ་གཏོང་བའི་ཐད་ནུས་པ་དངོས་འདོན་སྤེལ་བྱས་ནས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ་དེ་གར་འཚམ་པའི་ས་བོན་དང་། ལག་རྩལ། རྨོ་འདེབས་བྱེད་སྟངས་བཅས་བཙལ་ནས་མ་གནས་དམའ་རུ་གཏོང་ཐུབ་པ་དང་ཕན་འབྲས་མཐོ་རུ་གཏོང་ཐུབ་པར་བྱས་ཏེ་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་ཆགས་པར་བྱེད་དགོས། ཆུ་རྒྱུད་ས་ཁུལ་གྱི་ཆ་རྐྱེན་བཟང་ལ་ཆུ་འབེལ་པོ་ཡོད་མོད། འོན་ཀྱང་ཆུའི་ཐོན་ཁུངས་གྲོན་ཆུང་བྱས་ཏེ། དེང་རབས་ཀྱི་ཕན་ནུས་ཆེ་བའི་ཞིང་ལས་དང་ཆུ་གྲོན་ཆུང་གི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ་ལས། ཞིང་ཆུ་ལེབ་གཏོང་བྱེད་མི་རུང་། སྤྱིའི་ཆ་ནས་བལྟས་ན། ནང་སོག་གི་རྩྭ་ཐང་དུ་ཕྱུགས་འཚོ་ཐལ་ཤོར་བས་ཕྱུགས་བཀག་རྩྭ་གསོར་དོ་སྣང་བྱེད་དགོས་ཞེས་གསུངས་པ་རེད།
     ཚེས་6ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ལིན་ཧོ་ཆུས་རྒྱལ་གཉེར་ཤིན་ཧྭ་ནགས་རར་ཕེབས་ནས“བྱང་གསུམ”འགོག་སྲུང་ནགས་ཚལ་མ་ལག་གི་ལས་གྲྭ་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། 1978ལོ་ནས་བཟུང་ནགས་ར་དེས་རྨོ་ཞིང་བ་ཚྭ་ཅན་ནས་ས་ཞིང་བྱེ་འགྱུར་གྱི་གནད་དོན་ཐོན་པར་བཅོས་སྒྲིག་ཤུགས་ཆེན་བྱས་ནས་རིམ་རྩིས་བྱས་ན་ནགས་བཟོ་མུའུ་ཁྲི་3.9བྱས་པ་རེད། ནགས་རར་ཞི་ཅིན་ཕིང་གིས་ནང་སོག་གི“བྱང་གསུམ”ལས་གྲྭ་འཛུགས་སྐྲུན་དང་ནགས་རའི་བྱེ་བཅོས་ནགས་བཟོའི་གནས་ཚུལ་ངོ་སྤྲོད་གསན་པ་མ་ཟད། ས་གནས་ས་ཐོག་ཏུ་བཅོས་སྐྱོང་བྱེད་བཞིན་པའི་བྱེ་ཐང་ལའང་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས་མིའི་རིགས་ཀྱིས་དེ་བས་ལེགས་པའི་སྒོ་ནས་འཚོ་གནས་དང་འཕེལ་རྒྱས་གཏོང་དགོས་ན་ངེས་པར་དུ་བྱེ་འགོག་བྱེ་བཅོས་བྱེད་དགོས། དེ་ནི་རྦབ་རྡོ་གྱེན་འདྲིལ་གྱི་བརྒྱུད་རིམ་ཞིག་ཡིན་ཞིང་། ལྷོད་གཡེང་ཏོག་ཙམ་ཤོར་ཚེ་ཡང་སྐོར་བསྐྱར་སྐོར་གྱི་གནད་དོན་ཐོན་སྲིད། “བྱང་གསུམ”འགོག་སྲུང་ནགས་ཚལ་གྱི་མ་ལག་འཛུགས་སྐྲུན་ལྟ་བུའི་སྐྱེ་ཁམས་ཀྱི་ལས་གྲྭ་གལ་ཆེན་འདི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གཞི་ནས་གྲུབ་ཐུབ། བྱང་གསུམ་ས་ཁུལ་གྱི་སྐྱེ་ཁམས་ཧ་ཅང་ཉམས་ཞན་ཡིན་ཞིང་། བྱེ་འགོག་བྱེ་བཅོས་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ལས་དོན་དེར་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ང་ཚོའི་མེས་པོ་དང་མི་རབས་རྗེས་མར་ངོ་གནོང་མི་དགོས་པར་བྱེད་དགོས། ནགས་རའི་ལས་ཀ་དཀའ་ཚེགས་ཧ་ཅང་ཆེན་པོ་རེད་ལ་ཕན་འབྲས་ཀྱང་ཆེན་པོ་ཐོན་འདུག་པས་མུ་མཐུད་ཡག་པོ་སྒྲུབ་དགོས། ཚན་ཞིབ་ལས་དོན་པས་ས་གཞི་ཆེན་པོར་གཞི་ཚུགས་ནས་དཔྱད་རྩོམ་འབྲི་བ་དང་ལག་ལེན་ཁྲོད་ནས་རྙེད་པའི་གོ་རྟོགས་དེ་དཔྱད་རྩོམ་དུ་འགྱུར་བར་བྱས་ཏེ། ཏང་དང་མི་དམངས་ལ་མཁོ་བའི་འབུམ་རམས་པ་ངོ་མ་དང་རིགས་གཅིག་མཁས་ཅན་ངོ་མ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཚེས་6ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་པ་ཡན་ནོར་གྲོང་ཁྱེར་དུ་ཐང་རྒོད་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་ཝང་ཀོང་ཧྭ་དང་། ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཧྲའོ་ཁྲེང་། ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལེའང་ཡན་ཧྲུན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཕུང་དང་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བློ་མཐུན་གྱིས་ཡིག་ཐོག་གཏམ་བཤད་ཕུལ་བ་རེད།
     ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གིས་ཐང་རྒོད་འགོག་བཅོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བྱེ་འགོག་བྱེ་བཅོས་དེ་ཐང་རྒོད་འགོག་བཅོས་ཀྱི་ལས་འགན་གཙོ་བོར་བརྩིས་ནས“བྱང་གསུམ”གྱི་འགོག་སྲུང་ནགས་ཚལ་མ་ལག་གི་ལས་གྲྭ་འཛུགས་སྐྲུན་དང་། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ། པེ་ཅིང་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་བཅོས་སྐྱོང་སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་ཁག་གཅིག་སྔ་རྗེས་སུ་ལག་ལེན་བསྟར་ཡོད། ལོ་40ལྷག་ཙམ་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རང་རྒྱལ་གྱི་བྱེ་འགོག་བྱེ་བཅོས་ལས་དོན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། གཙོ་གནད་བཅོས་སྐྱོང་ཁུལ་དུ“བྱེ་འགྱུར་མི་ཉུང”ནས“སྔོ་འགྱུར་བྱེ་ཉུང”བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་འཁོར་སྐྱོད་ཡག་པོ་བྱུང་བ། ཐང་རྒོད་དུ་འགྱུར་བའི་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2021ལོ་ནས་2030ལོ་བར་ནི“བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་ལས་གྲྭ་འཛུགས་སྐྲུན་གྱི་དུས་སྐབས་དང་། བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་འགག་རྩའི་དུས་སྐབས། “བྱང་གསུམ”ལས་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་སྒྲོལ་དུས་སྐབས་བཅས་རེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་བྱེ་འགོག་བྱེ་བཅོས་གཙོ་བོར་བྱེད་པ་དང་། བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་རྒྱུ་རྩ་བའི་དམིགས་ཚད་དུ་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་། གནོད་འཚེ་འགོག་པ། རིགས་དབྱེ་ཇུས་འདོན། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན། གཙོ་གནད་བཅོས་སྒྲིག་མངོན་གསལ་དོད་པ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བཅས་བྱས་ནས་ལོ་10ཙམ་གྱི་དུས་ཚོད་སྤྱད་དེ“བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས། “བྱང་གསུམ”ལས་གྲྭ་དེ་ནུས་པ་ཆ་ཚང་བ་དང་སྲ་ཞིང་བརྟན་པའི་ཤིན་ཅང་བྱང་རྒྱུད་ཀྱི་ལྗང་མདོག་ལྕགས་རི་རིང་པོ་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་ཅིག་ཏུ་སྐྲུན་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། མ་ལག་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ནགས་ཚལ་དང་། རྩྭ་ཐང་། འདམ་ར། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་སྤྱི་འདོམས་བྱས་ནས་བྱེ་བཅོས་དང་། ཆུ་བཅོས། རི་བཅོས་བཅས་ཀྱི་རྒྱུ་རྐྱེན་གཙོ་བོའི་མཐུན་སྦྱོར་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱོན་བྲལ་བརྟན་ལྷིང་དང་། ནུས་པ་ཆ་ཚང་བའི་ནགས་ཚལ་དང་། རྩྭ་ཐང་། འདམ་ར། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་མ་ལག་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བཅོས་སྐྱོང་གི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ཆེན་པོ་གསུམ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་དགོས། རྨ་ཆུའི་ཁུག་ཆའི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་ནས་མའོ་ཝུའུ་སུའུ་བྱེ་ཐང་དང་། ཁུའུ་པུའུ་ཆི་བྱེ་ཐང་། ཧོ་ལན་རི་བོ་སོགས་གཙོ་གནད་དུ་བྱས་ཏེ་ས་ཁོངས་རང་བཞིན་གྱི་མ་ལག་བཅོས་སྐྱོང་རྣམ་གྲངས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་མགྱོགས་སུ་གཏོང་བ། ཆུ་རྒྱུད་དང་། ཐང་གཞུང་། མཚེའུ། འདམ་ར་བཅས་དང་རང་བྱུང་རྩྭ་ཐང་སྲུང་སྐྱོང་དང་ཉམས་གསོ་བྱས་ཏེ། བྱེ་འགོག་བྱེ་བཅོས་དང་ཆུ་རྩ་གསོ་ཁུལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས། ཚན་རིག་དང་མཐུན་པའི་བྱེ་བཅོས་མཐའ་འཁྱོངས་བྱས་ནས་ཐང་རྒོད་ཀྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཆུའི་ཐོན་ཁུངས་ལུགས་མཐུན་ངང་སྤྱད་ནས་ཆུ་དང་བསྟུན་ནས་སྔོ་ལྗང་གཏན་འཁེལ་དང་། ཆུ་དང་བསྟུན་ནས་ས་ཆ་གཏན་འཁེལ། ཆུ་དང་བསྟུན་ནས་མི་འབོར་གཏན་འཁེལ། ཆུ་དང་བསྟུན་ནས་ཐོན་ལས་གཏན་འཁེལ་བཅས་མཐའ་འཁྱོངས་ཀྱིས་ཆུའི་ཐོན་ཁུངས་དེ་འགྱུར་མེད་ཀྱི་ཚོད་འཛིན་ཆེ་ཤོས་སུ་བརྩིས་ནས་ཆུ་གྲོན་ཆུང་གི་སྤང་རྩྭ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཚན་རིག་དང་མཐུན་པའི་སྔོ་ཁེབས་སླར་གསོ་བྱེད་སྟངས་བདམས་ཏེ་སྤང་རྩྭའི་སྔོ་ཁེབས་རིགས་དང་མཐུག་ཚད་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། སྡོང་ཐུང་དང་སྡོང་རིང་གི་རྩྭ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། རླུང་འགོག་བྱེ་བརྟན་གྱི་ནགས་དྲ་དང་དེ་བཞིན་རླུང་འགོག་བྱེ་བཅོས་ཀྱི་བྱེ་ཐང་མཐའ་སྐོར་གྱི་ནགས་ཚལ་རྒྱུད་སོགས་གཏོད་དགོས། ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱོད་གོ་ཆོད་པའི་བཅོས་སྐྱོང་བྱེད་སྟངས་ཁྱབ་གདལ་གཏོང་དགོས་ཞེས་གསུངས་པ་རེད།
ཟླ་6ཚེས་5ཉིན་དང་ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནང་སོག་གི་པ་ཡན་ནོར་དུ་རྟོག་ཞིབ་གནང་བ་དང་འབྲེལ་ཐང་རྒོད་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འདི་ནི་ཚེས་6ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ལིན་ཧོ་ཆུས་རྒྱལ་གཉེར་ཤིན་ཧྭ་ནགས་རར་རྟོག་ཞིབ་གནང་བཞིན་པ།
ཟླ་6ཚེས་5ཉིན་དང་ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནང་སོག་གི་པ་ཡན་ནོར་དུ་རྟོག་ཞིབ་གནང་བ་དང་འབྲེལ་ཐང་རྒོད་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འདི་ནི་ཚེས་6ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ལིན་ཧོ་ཆུས་རྒྱལ་གཉེར་ཤིན་ཧྭ་ནགས་རར་རྟོག་ཞིབ་གནང་བཞིན་པ།