འཚོལ་བཤེར།   
藏文频道
2023ལོའི་ཟླ་6ཚེས་8ཉིན།

༄༅།།འགྱིག་འགོག་སྙིགས་ཉུང་གིས་གཙང་གསུམ་ཆུ་འགོའི་དམངས་ཚོགས་ཀྱི་འཚོ་བའི་སྲོལ་ གསར་ལ་སྣེ་ཁྲིད་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཙེ་ཤིང་། ལི་ལིན་ཧའེ།
     ▲ འབའ་དགོན་ཤང་ཞག་སྡོད་ལམ་ལུགས་ལྟེ་བའི་སློབ་གྲྭ་འབྲི་ཆུའི་ཆུ་འགོར་གནས་པ་དང་ས་བབ་མཐོ་ཚད་སྨི་4000ཡན་ཟིན་ཞིང་། དེ་གར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།
     ▲ ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སློབ་གྲྭར་ཁྱབ་གདལ་ཤུགས་ཆེན་བྱུང་ཡོད་ལ། གད་སྙིགས་བརྗེ་སའི་སྒོ་རྩིས་ཚོང་ཁང་ད་ཆ་མཐོང་རྒྱུ་མེད་པ་དེ་དཔང་རྟགས་གལ་ཆེན་ཞིག་རེད།
     ▲ ཉེ་བའི་ལོ་ཤས་རིང་གད་སྙིགས་རིགས་དབྱེ་ནས་བསྡུ་བའི་བྱེད་ཐབས་ཆུ་དམར་ལེབ་རྫོང་དུ་རྒྱ་ཁྱབ་ངང་ལག་ལེན་བསྟར་ཡོད།
     ཟླ་6ཚེས་5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་པ་དང་འདི་ལོ“འགྱིག་འགོག་ཇུས་གཞིར”དམིགས་ཡོད། ལོ་མང་རིང་། གཙང་གསུམ་ཆུ་འགོའི་དམངས་ཚོགས་ཀྱིས་འགྱིག་ཤོག་གི་སྦགས་བཙོག་འགོག་པ་དང་གད་སྙིགས་ཉུང་གཏོང་གི་འདུ་ཤེས་ལག་བསྟར་བྱས་པར་བརྟེན་སྔོ་ལྗང་གཙང་གསུམ་ཆུ་འགོའི་རྔམ་མཐུག་པའི་གཞི་གདན་དུ་གྱུར་ཡོད།
     འཇམ་དཔལ་ཚེ་རིང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་འབའ་དགོན་ཤང་ཞག་སྡོད་ལམ་ལུགས་ལྟེ་བའི་སློབ་གྲྭའི་སློབ་མ་རེད། ཆུ་དམར་ལེབ་རྫོང་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་གནས་པ་དང་། རྨ་ཆུ་དང་འབྲི་ཆུའི་བྱང་རྒྱུད་ཀྱི་ཆུ་ཁུངས་གཙོ་བོ་ཡིན་པས“གཙང་ཆུའི་ཆུ་འགོའི་རྫོང་དང་པོ”ཞེས་འབོད་ཀྱི་ཡོད།
     འབའ་དགོན་ཤང་ཞག་སྡོད་ལམ་ལུགས་ལྟེ་བའི་སློབ་གྲྭ་འབྲི་ཆུའི་ཆུ་འགོར་གནས་པ་དང་ས་བབ་མཐོ་ཚད་སྨི་4000ཡན་ཟིན་ཞིང་། དེ་གར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་དགའ་ཡིས། སྐྱེ་ཁམས་སྲུང་སྐྱོང་བྱ་ཆེད། 2013ལོར་སློབ་གྲྭས“སྐྱེ་ཁམས་ཤེས་དཔལ་སློབ་གྲྭར་ཁྱབ་གདལ་གཏོང་བའི”འབོད་སྐུལ་ལ་བརྡ་ལན་ཞུས་ནས་སློབ་མས་གད་སྙིགས་ཡང་བསྐྱར་སྤྱོད་པར་སྐུལ་ལྕག་བྱས་ཏེ། རང་ཉིད་ཀྱི་གྱོན་ཆས་རྙིང་པས་ཁོར་ཡུག་སྲུང་སྐྱོང་གི་ལྟོ་ཕད་བཟོ་བ་དང་། འོ་མའི་སྒམ་ཆུང་དང་བག་ལེབ་བླུག་སའི་འགྱིག་ཤོག་སོགས་གད་སྙིགས་བསྡུས་ཏེ་ལོ་རེར་མང་ཉུང་བསྡུར་གྱི་ཡོད། ལས་ཀ་འདི་ད་བར་སྤེལ་ནས་ལོ་བཅུ་ཙམ་འགྲོ་གི་འདུག་ཅེས་ངོ་སྤྲོད་བྱས།
     འཇམ་དཔལ་ཚེ་རིང་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་དགའ་པོ་ཡོད་ཅིང་། གད་སྙིགས་རིགས་དབྱེ་དང་བསྡུ་བའི་ལས་ཀར་ཡང་ཧུར་ཐག་ཞུགས་པས་དཔྱད་བསྡུར་བྱེད་སྐབས“ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཆུང་ཆུང”གི་མཚན་སྙན་ཐོབ་ཡོད། ཁོང་གིས། “ཁོར་ཡུག་ལ་གཅེས་སྐྱོང་བྱེད་པ་ནི་མི་ཚང་མའི་འགན་འཁྲི་རེད། འབྲི་ཆུ་ནི་ང་ཚོའི་མ་ཡུམ་གཙང་པོ་ཡིན་པས། ཆུ་འགོ་ནས་གད་སྙིགས་ཉུང་དུ་བཏང་ཚེ་འབྲི་ཆུའི་སྦགས་བཙོག་ཉུང་དུ་གཏོང་ཐུབ”ཅེས་བཤད།
     ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སློབ་གྲྭར་ཁྱབ་གདལ་ཤུགས་ཆེན་བྱུང་ཡོད་ལ། གད་སྙིགས་བརྗེ་སའི་སྒོ་རྩིས་ཚོང་ཁང་ད་ཆ་མཐོང་རྒྱུ་མེད་པ་དེ་དཔང་རྟགས་གལ་ཆེན་ཞིག་རེད།
     བཅར་འདྲི་བྱེད་སྐབས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་ཆད་སློབ་གྲྭ་དེའི་སློབ་མ་བཏུང་བྱ་འཐུང་བར་དགའ་བས། སློབ་གྲྭས་གད་སྙིགས་བརྗེ་སའི་སྒོ་རྩིས་ཚོང་ཁང་བཙུགས་ནས་བཏུང་བྱའི་སྣོད་དང་སློབ་སྦྱོང་མཁོ་ཆས་བརྗེ་པོ་རྒྱག་གི་ཡོད། “ཕྱོགས་གཅིག་ནས་གད་སྙིགས་ཚུར་བསྡུས་ནས་ཡང་བསྐྱར་སྤྱོད་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ང་ཚོས་ཁོར་ཡུག་སྲུང་སྐྱོང་གི་སློབ་ཚན་ཁྲིད་དེ་སློབ་མ་ཚོར་སློབ་གསོ་ཁྲིད་སྟོན་བྱེད་ཀྱི་ཡོད། སློབ་གྲྭས་ཀྱང་བཏུང་བྱ་བཟོས་པ་དང་འབྲེལ་ཆུ་ཁོལ་ལེན་ས་བཀོད་སྒྲིག་བྱས་ནས་སློབ་མའི་དགོས་མཁོ་སྐོང་གང་ཐུབ་ཀྱིས་འགྱིག་ཤོག་གད་སྙིགས་ཉུང་དུ་གཏོང་གི་ཡོད”ཅེས་བསྟན་དགས་བཤད།
     ལོ་གཅིག་ལྷག་ཙམ་སོང་རྗེས་གད་སྙིགས་དང་དངོས་པོ་བརྗེ་མཁན་ཉུང་དུ་ཕྱིན་པའི་རྐྱེན་གྱིས་གད་སྙིགས་བརྗེ་སའི་སྒོ་རྩིས་ཚོང་ཁང་དེ་སྒོ་རྒྱག་དགོས་བྱུང་ཡོད། ཁོར་ཡུག་སློབ་གསོའི་སློབ་ཚན་ཁྲིད་པ་དང་། ཁོར་ཡུག་སྲུང་སྐྱོང་རིག་གནས་ཀྱི་གྱང་། སྔོ་ལྗང་སྡོང་ཕྲུག་རྟེན་གཞི་སྐྲུན་པ་སོགས་བྱས་པས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སློབ་གྲྭའི་ཕྱོགས་གང་སར་ཁྱབ་ཡོད་པ་རེད།
     འབྱུང་རྩ་ནས་གད་སྙིགས་ཉུང་གཏོང་དང་ཚོད་འཛིན་བྱས་པ་ཕུད། ཉེ་བའི་ལོ་ཤས་རིང་གད་སྙིགས་རིགས་དབྱེ་ནས་བསྡུ་བའི་བྱེད་ཐབས་ཆུ་དམར་ལེབ་རྫོང་དུ་རྒྱ་ཁྱབ་ངང་ལག་བསྟར་བྱས་ཡོད།
     ཆུ་དམར་ལེབ་རྫོང་རྨ་སྟོད་ཤང་རྫ་སྐྱ་གྲོང་ཚོའི་འབྲོག་པ་རིག་བསྟན་གྱི་ཁྱིམ་དུ་སྐྱོད་སྐབས། ཆག་པ་བསྡམས་པའི་ཤོག་སྒམ་མང་པོ་ཞིག་སྒོ་རའི་གཞོགས་གཅིག་ཏུ་སྤུངས་འདུག རིག་བསྟན་ནི་ད་ལོ་ལོ་58ལ་སླེབས་པ་དང་དེ་སྔ་སྐྱེ་ཁམས་བདག་སྐྱོང་བ་ཞིག་རེད། རྒྱུན་དུ་སྐོར་གཡེང་བྱེད་སྐབས་ཁོང་དང་ལས་རོགས་ཚོས་རང་འགུལ་ངང་གད་སྙིགས་བསྒྲུགས་པ་དང་ཡང་བསྐྱར་སྤྱོད་ཆོག་པའི་གད་སྙིགས་རིགས་དབྱེ་སྟེ། རང་ཉིད་ཀྱིས་དུས་བཀག་ལྟར་རྫོང་གི་གད་སྙིགས་བསྡུ་སར་སྐྱེལ་གྱི་ཡོད།
     “ངས་གད་སྙིགས་རིགས་དབྱེའི་ལས་ཀ་བྱས་ནས་ལོ་གསུམ་བཞི་ཙམ་འགྲོ་གི་འདུག སྔོན་མ་གད་སྙིགས་ཡང་བསྐྱར་སྤྱོད་ཆོག་གི་ཡོད་པ་ཤེས་ཀྱི་མེད། ད་ཆ་གད་སྙིགས་ཡང་བསྐྱར་སྤྱོད་ཆོག་པ་ཤེས་སྐབས་དངོས་གནས་བསམ་ཚོད་ལས་འདས་སོང”ཞེས་རིག་བསྟན་གྱིས་བཤད།
     “མིག་སྔར་རྫ་སྐྱ་གྲོང་ཚོའི་གད་སྙིགས་བསྡུ་སར་གད་སྙིགས་རིགས་དབྱེ་མཁན་11ཡོད། ང་ཚོས་གད་སྙིགས་བསྡུས་རྗེས་ཆེད་ལས་ཀྱི་གད་སྙིགས་བསྡུ་སར་སྐྱེལ་གྱི་ཡོད་པས་ལོ་མཇུག་ཏུ་གྲོང་མིར་བགོ་འགྲེམས་ཡོད”ཅེས་རྫ་སྐྱ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་བཟང་གིས་བཤད།
     དབྱར་དུས་ཀྱི་གཙང་གསུམ་ཆུ་འགོའི་ས་གཞི་ཆེན་པོ་སྔོ་ལྗང་གིས་བརྒྱན་ནས་ཉམས་དགའ་བའི་རྣམ་པ་ཞིག་མིག་ལམ་དུ་མངོན་བཞིན་འདུག